《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月30日

ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་28ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་བཟོ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ། རང་ལྗོངས་ཀྱི《རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》ལ་ཞིབ་འཇུག་དང་གྲོས་བསྡུར་བཅས་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྟངས་འཛིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས་འཛུགས་སྐྲུན་རྣམ་གྲངས་ཡང་དག་གནད་འཁེལ་ངང་ཡག་པོ་འདེམས་པ་དང་། ས་ཆ་སྤྱོད་པ་དང་། ནུས་རྒྱུ་སྤྱོད་པ། མ་དངུལ་སོགས་ཀྱི་སྲིད་ཇུས་ལེ་ལག་ཚང་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་འདུ་འགོད་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། (པར་ངོས་གཉིས་པར་གཟིགས)




(པར་ངོས་དང་པོར་མཐུད) དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཚོའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་དགོས་པ་བསྟན་ཡོད།

ཚོགས་འདུའི་ཐོག རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ། ཚན་རིག་དང་མཐུན་པར་འཆར་འགོད་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས། གཅིག་ནས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། “ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་དོན་འཁྱོལ་བྱེད་པའི་ཐད་ཤུགས་རྒྱག་པ་དང་། མི་དམངས་མང་ཚོགས་ཚོས་ཡུན་རིང་རེ་སྒུག་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་ལྡན་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་རྐྱེན་ཟབ་མོ་ལྡན་པ་བཅས་ཀྱི་ཕུགས་ཀྱི་རྣམ་གྲངས་ཇུས་འགོད་མང་ཙམ་བྱེད་པ། འཆར་འགོད་འཛུགས་སྐྲུན་བྱེད་པའི་ལྷུ་ཚིགས་ཚང་མར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། གཉིས་ནས་འཆར་འགོད་དང་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ། ངེས་གནས་ཡང་དག་འཚོལ་རྒྱུར་ཤུགས་རྒྱག་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་དང་། རྒྱལ་ཁོངས་བར་སྟོང་འཕེལ་རྒྱས་འཆར་འགོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཅས་དང་འབྲེལ་མཐུད་དམ་ཟབ་བྱེད་པ། ལག་བསྟར་བྱེད་རིང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཆུ་བེད། ནུས་རྒྱུ། འཕྲིན་གཏོང་སོགས་ལས་རིགས་དང་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོ་བའི་འཛུགས་སྐྲུན་སོགས་ཀྱི་བླང་བྱ་གང་ལེགས་མངོན་པ་བཅས་བྱེད་དགོས། གསུམ་ནས་གཙོ་གནད་མངོན་གསལ་དོད་པོ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞན་ཆ་སེལ་བའི་ཐད་ཤུགས་རྒྱག་པ་དང་། ཁུལ་ཁོངས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་དང་ཉམས་ཞན་ལྷུ་ཚིགས་ལ་དམ་པོར་དམིགས་ནས་ནུས་ཤུགས་གཅིག་ཏུ་སྒྲིལ་བ་དང་རིགས་དབྱེ་ཇུས་འདོན་བྱེད་དགོས། མཐའ་མཚམས་ས་ཁུལ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དར་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས། བཞི་ནས་མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་པ་དང་། “ཚུགས་གནས་མཐོ་བ་དང་། ཇུས་འགོད་གཏིང་ཟབ་པ། འཆར་འགོད་རྒྱང་རིང་བ། དམིགས་ཚད་གནད་ལ་འཁེལ་བ”བཅས་ཀྱི་བླང་བྱར་གཞིགས་ནས་རྣམ་གྲངས་འཆར་འགོད་དང་། བཀོད་སྒྲིག གྲབས་གསོག་བཅས་བྱེད་པ་མ་ཟད། མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས། རྨང་གཞིའི་སྒྲིག་བཀོད་གསར་པ་དང་སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་གི་བདེ་འཇགས་ཐད་ཤུགས་རྒྱག་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ལ་བརྩི་བ། སྐྱེ་ཁམས་སྲུང་སྐྱོང་ལག་རྩལ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་། གྲོན་ཆུང་། བེད་སྤྱོད་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲུག་ནས་གཞོགས་འདེགས་མཉམ་རུབ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་མཉམ་ཤུགས་ཆགས་རྒྱུར་ཤུགས་རྒྱག་པ་དང་། གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་མཉམ་འཐབ་བྱེད་པ། མཉམ་ཤུགས་ཆགས་པ་དང་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་བཅས་བྱས་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་འཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་ཤིང་། བོད་ཀྱི་འཕེལ་རྒྱས་དེ་བས་ལེགས་པ་དང་དམངས་འཚོའི་བདེ་སྐྱིད་དེ་བས་ཆེ་བ་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)