《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

ཆོས་ལུགས་རིགས་ཁོངས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་དབར་མཐུན་སྒྲིལ་བྱས་ཏེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

ཀུན་བཟང་དབང་འདུས།

ཆོས་ལུགས་རིགས་ཁོངས་ཀྱི་ཚབ་མཚོན་མི་སྣས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་དྲིན་ལན་འཇལ་བའི་མིག་དཔེ་བཟང་པོ་ཞིག་བྱེད་དགོས། བདག་བས་གཞན་གཅེས་ཀྱི་བྱང་ཆུབ་སེམས་པ་རྒྱུན་དུ་སྒོམ་ནས། མི་རིགས་མཐུན་སྒྲིལ་དང་། གྲུབ་མཐའ་འདྲ་མཉམ། འཛམ་གླིང་ཞི་བདེ། སྤྱི་ཚོགས་ཞི་མཐུན། རྒྱལ་ཁམས་བདེ་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་བཟང་བསྒྲུབས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། “ཚད་གཞི་བཞི”ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་མཁན་ཞིག་བྱེད་དགོས། ཉེ་བའི་ལོ་ཤས་ནང་། གཞིས་རྩེ་གྲོང་ཁྱེར་གྱི་དགོན་སྡེར་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། གཅིག་ནས། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མ་དངུལ་འབོར་ཆེན་བཏང་ནས་དགོན་སྡེའི་གེགས་རྗེས་བསྐྱར་སྐྲུན་ཐད་སྤྱད་པ་དང་གྲྭ་བཙུན་གྱི་གྲྭ་ཤག་གི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་ཡོད། གཉིས་ནས། རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་དཔེ་བཟང་དགོན་སྡེ་དང་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱས་ཡོད། གསུམ་ནས། “ཡོད་པ་དགུའི”འདུ་འགོད་ལག་བསྟར་བྱས་ཏེ་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་ལེགས་སུ་བཏང་བ་དང་། གྲྭ་བཙུན་གྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན་དང་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་བཅས་ཁྱོན་ཡོངས་ལ་ཁྱབ་པ་དང་། ལོ་ལྟར་ང་ཚོར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱས་ཏེ། བདེ་ཐང་གི་ཡིག་ཚགས་བཟོས་པ་དང་གཟིགས་སྐྱོང་སྲིད་ཇུས་མང་པོ་ཞིག་ང་ཚོ་གྲྭ་བཙུན་ཚོར་ལོངས་སྤྱོད་བྱ་རྒྱུ་བྱུང་ཡོད། ང་ཚོས་ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་། ཏང་གི་བཀའ་དྲིན་ཤེས་པ། ཏང་གི་བཀའ་དྲིན་ཚོར་བ་བཅས་ཀྱི་འདུ་ཤེས་འཛིན་ནས། ཆོས་ལུགས་ཀྱི་བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་ཐོན། སྐྱོན་བྲལ་ཡ་རབས་བཅས་ལ་ཕན་པ་ཡོད་པའི་ནང་དོན་འཚོལ་ཞིབ་བྱས་ཏེ། སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འཆད་འགྲེལ་བྱེད་དགོས། བསྟན་དོན་དང་འདུལ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་གཤིས་སྤྱོད་ལེགས་སུ་གཏོང་བ་དང་། ཆོས་སྲོལ་བཟང་པོ་རྒྱུན་འཛིན་བྱེད་པ། གཏམ་སྤྱོད་གཅིག་གྱུར། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་བྱས་ཏེ། དད་ལྡན་མང་ཚོགས་ལ་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ། ནམ་ཡང་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་རིགས་ཁོངས་ཀྱི་ཚབ་མཚོན་མི་སྣས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་བྱེད་དགོས། བཀྲ་ཤིས་ལྷུན་པོ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དགོན་སྡེ་ཡིན་པའི་ལེགས་ཆ་གང་ལེགས་སྤྱད་དེ་བཀྲ་ཤིས་ལྷུན་པོ་དགོན་གྱི་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་ཧུར་ཐག་གཏོད་པ་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་ལོ་རྒྱུས་དུས་སྐབས་ཁག་གི་མི་རིགས་མཐུན་སྒྲིལ་གྱི་སྙིང་བཅུད་ངོམས་སྟོན་བྱེད་པ། གྲྭ་དམངས་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། པཎ་ཆེན་སྐུ་ཕྲེང་བཅུ་པ་སོགས་བླ་མ་སྐྱེས་ཆེན་དམ་པ་མིག་དཔེར་བཟུང་སྟེ། རང་འགུལ་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་མཐའ་གཅིག་ཏུ་བྱས་ཏེ་རིག་པ་དྭངས་གསལ་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་བ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་མགོ་སྐོར་འོག་གཏན་ནས་མ་ཚུད་པ་བཅས་བྱེད་དགོས། དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། བདེན་ཡོད་སྤོབས་ཆེ་བཅས་ཀྱི་སྒོ་ནས་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་འབོད་སྒྲ་སྒྲོག་པ་དང་། ལོ་རྒྱུས་དང་དོན་དངོས་ཧུར་ཐག་སྤྱད་དེ་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ། ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཐད་རིག་པ་དྭངས་གསལ་ཐུབ་པ་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར་མཐའ་གཅིག་ཏུ་ཞུས་ཏེ་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ལས་སླ་པོར་བྱུང་བ་མིན་པའི་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེཌ་སྐྱེས་འབུལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

(དགེ་ལུགས་པའི་འཐུས་མི་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན། གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན། གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པ)