《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月27日

རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

“མོས་སེམས་ལྔ”ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།

རྭ་སྒྲེང་བློ་གྲོས་རྒྱ་མཚོ་འཕྲིན་ལས་ལྷུན་གྲུབ།

ཆོས་ལུགས་རིགས་ཁོངས་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ནས། “སྲུང་སྐྱོང་གཉིས”ཐུབ་པ་ངེས་པར་དུ་བྱ་སྤྱོད་ཀྱི་ཚད་གཞིར་འཛིན་ཏེ། མིག་དཔེ་སྟོན་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འདུལ་ཁྲིམས་སྲུང་བ་དང་། “ཚད་གཞི་བཞིར”བརྩི་སྲུང་གིས་རང་ཚུགས་དང་། རང་གཅུན། རང་འདོམས་བཅས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་རྣམ་པས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བར་སློབ་གསོ་རྒྱག་རྒྱུ་རང་ཉིད་ཀྱི་འགན་འཁྲིར་འཛིན་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་ལུགས་རྙིང་སྲོལ་ངན་དོར་རྒྱུར་ཁྲིད་སྟོན་བྱས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗིད་ཆེའི་སྙན་གྲགས་དང་གཙོ་འཛིན་གྱི་གནས་བབ་བཅས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོའི་སེམས་དབུས་སུ་རྩ་བ་བརྟན་པོ་ཚུགས་པར་བྱ་རྒྱུ་ཡིན།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ནི་གཅིག་ལ་གཅིག་འབྲེལ་དང་། ཕན་ཚུན་ཁ་འབྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན། བོད་ནི་སྔར་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ང་ཚོས་གནད་དོན་ལ་བསམ་གཞིག་དང་། སྐད་ཆ་ཤོད་པ། བྱ་བ་སྒྲུབ་པ་བཅས་བྱེད་སྐབས་ངེས་པར་དུ་ང་ཚོ་ནི“ཀྲུང་ཧྭ་མི་རིགས”ཁྱིམ་ཚང་ཆེ་མོའི་ཁོངས་མི་ཞིག་ཡིན་པ་བློ་ལ་བརྟན་པོར་ངེས་དགོས་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”ནི་ང་ཚོའི་ཁྱིམ་གྱི་ནང་མི་གཅེན་གཅུང་མིང་སྲིང་དབར་གྱི་འབྲེལ་ཐག་ལྟ་བུ་ཞིག་རེད། སྐབས་རིམ་བྱོན་གྱི་རྭ་སྒྲེང་སྤྲུལ་སྐུ་རྣམ་པས་རྒྱལ་གཅེས་ཆོས་གཅེས་གནང་བ་དང་། ལྷག་པར་དུ་རྭ་སྒྲེང་སྐུ་ཐོག་ལྔ་པས་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་ལ་བློ་ཁ་ཕྱོགས་ནས་དབྱིན་ཉེ་ཤོག་ཁག་གིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་གནང་བ། རང་ཉིད་ཀྱི་སྐུ་སྲོག་བློས་གཏོང་གནང་ནས་རླབས་ཆེན་གྱི་རྒྱལ་གཅེས་བརྩེ་སེམས་མཚོན་པར་གནང་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རིང་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚོས་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས། “ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་རམ་བྱེད་པའི”ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་འཕེལ་གཏོང་དགོས།

བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ངས་ཐོག་མཐའ་བར་གསུམ་དུ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཚེ་གང་གི་འདུན་པར་བརྩིས་ནས། རང་དཔེ་གཞན་སྟོན་དང་ལག་ལེན་དངོས་སུ་འཁྱོལ་བ་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཡང་སྲིད་ངོས་འཛིན་གྱི་གནད་དོན་ལ་ཁ་གཡར་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་མངོན་སུམ་འཛེམས་མེད་ངང་གཏོར་བཤིག་གཏོང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ངས་ད་དུང་སྣེ་ཁྲིད་ནས་སློབ་སྦྱོང་དང་སྒྲོག་འགྲེལ་བྱ་རྒྱུ་དང་། དགོན་སྡེའི་དགེ་འདུན་པ་ཚོའི་སྣེ་ཁྲིད་དེ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་དང་། ལོ་རྒྱུས་ཀྱི་ངེས་སྲོལ། ཆོས་ལུགས་ཀྱི་ཆོ་ག་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ། དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་པར“རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་གི་ཆོག་མཆན་དགོས་པ”བཅས་ཀྱི་རྩ་དོན་དང་ངོས་འཛིན་གཅིག་མཐུན་ཟབ་ཏུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱ་རྒྱུ། དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚོས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་གསལ་པོ་ཤེས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་སྲོལ་ཟང་ཟིང་བཟོ་མཁན་དང་གཏོར་བཤིག་གཏོང་མཁན་མི་དང་བྱ་བ་སྣ་ཚོགས་དང་མཐའ་གཅིག་ཏུ་འཐབ་རྩོད་བྱ་རྒྱུ་ཡིན། ལྷག་པར་དུ་དགེ་འདུན་པས“ལུས་ངག་ཡིད”གསུམ་གྱི་སྡོམ་ཁྲིམས་ནན་པོ་བསྲུངས་ནས་རྒྱལ་གཅེས་ཆོས་གཅེས་དང་སྡིག་སྤོང་དགེ་སྒྲུབ་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་ཟབ་མོར་དྲིན་ལན་འཇལ་རྒྱུའི་སློབ་གསོ་གཏོང་རྒྱུ་ཡིན།

(དགེ་ལུགས་པའི་འཐུས་མི་དང་། ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན། ལྷུན་གྲུབ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ)

མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།

ངག་དབང་ཆོས་འཛིན།

ཆོས་ལུགས་རིགས་ཁོངས་ཀྱི་ཚབ་མཚོན་མི་སྣ་ཞིག་ཡིན་པའི་ང་ཚོར་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་འགྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་ཟབ་མོ་བྱུང་བས། སླད་ཕྱིན་གྱི་ཐོས་བསམ་ཉམས་ལེན་དང་འཚོ་བའི་ཁྲོད་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “མོས་སེམས་ལྔ”ཟབ་ཏུ་གཏོང་བ་བཅས་ཀྱི་སྒོ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན།

ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བའི་ཐད་རིག་པ་དྭངས་གསལ་ཡོང་བ་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱས་ཏེ། ས་ཁོངས་ཕྱིའི་ཕྱོགས་གཏོགས་ཀྱི་བཀོལ་སྤྱོད་ཀྱི་ཚོད་འཛིན་མི་ཕོག་པ་བྱ་རྒྱུ་དེ་དགོན་སྡེ་དོ་དམ་གྱི་མཐའ་ཚད་དུ་མཐའ་གཅིག་ཏུ་འཛིན་དགོས། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་སོགས་ཐད་ཀྱི་ཡིན་མིན་གནད་དོན་ཆེན་པོའི་མདུན་དུ་སྐད་ཆ་ཤོད་ཕོད་པ་དང་། འཐབ་རྩོད་བྱེད་ཕོད་པ། ཏང་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པར་བློ་བརྟན་འགྱུར་མེད་དང་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་འབྲས་སྤུངས་དགོན་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཁྲིམས་ལྟར་དགོན་སྡེ་དོ་དམ་གྱི་ལས་དོན་ལ་བབ་བསྟུན་མི་ཡོང་བ་བྱེད་དགོས། “རྒྱལ་ཁྲིམས་འདུལ་ཁྲིམས་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་དགོན་སྡེར་དོ་དམ་བྱེད་པ། རང་རྟོགས་ངང་དགོན་སྡེའི་ཁྲིམས་འགལ་གྱི་གཏམ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་མ་ཟད། ཁྲིམས་དང་མི་མཐུན་པའི་གཏམ་བརྗོད་ལ་དགག་པ་རྒྱག་ཕོད་པ་དང་། ཁྲིམས་དང་མི་མཐུན་པའི་བྱེད་སྤྱོད་གཏན་འགོག་བྱེད་ཕོད་པ། ཁྲིམས་དང་མི་མཐུན་པའི་སྣང་ཚུལ་ཡོ་བསྲང་བྱེད་ཕོད་པ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ལས་དོན་ལ་འགོག་རྐྱེན་མི་བཟོ་བའི་སྒོ་ནས་དགོན་སྡེ་དོ་དམ་གྱི་ཁྲིམས་སྐྱོང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། འདུལ་ཁྲིམས་བསྲུང་རྒྱུར་ལྷོད་གཡེང་མི་གཏོང་བར་འདུལ་ཁྲིམས་ལ་བརྟེན་ནས་འབོགས་ཆོག་ནན་དུ་གཏོང་བ་དང་། སྤྱོད་ལམ་ཚད་ལྡན་དུ་གཏོང་བ། སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་དགོན་སྡེའི་གྲྭ་དམངས་ཀྱིས་རང་རྟོགས་ངང་རྒྱུ་རྔམ་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། ཐལ་སྐྱོད་སྒེར་འཛིན་རིང་ལུགས་བཅས་འགོག་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་རང་ཚུགས་མི་ཟིན་པ་དང་། ཐོས་བསམ་ལ་སྣང་ཆེན་མི་བྱེད་པ། འདུལ་ཁྲིམས་བསྲུང་རྒྱུར་སྣང་ཆེན་མི་བྱེད་པའི་ཁར་ཆུ་སྣ་གང་ཁྲིད་དང་། ཧམ་འདོད་ཡིད་འཁྲུལ། ཁོག་རུལ་ངན་གྱུར་བཅས་ཀྱི་སྲོལ་ངན་མཐའ་གཅིག་ཏུ་བཀག་ནས་བློ་རྩེ་གཅིག་སྒྲིམ་ངང་ཁ་འདོན་དང་ཐོས་བསམ་ལ་གཞོལ་ཏེ། དགོན་སྡེའི་ཆོས་སྲོལ་དྭངས་གཙང་དང་། བྱེད་སྒོ་རྒྱུན་གཏན། དོ་དམ་གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། སྲིད་ཇུས་ཐད་ཀྱི་དམར་ཐིག་ནན་སྲུང་བྱ་རྒྱུར་གཡོ་འགུལ་གཏོང་མི་རུང་། ཞི་འདུལ་སྒམ་ནན་དང་བབ་ཆགས་གྲོན་ཆུང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཧུར་ཐག་བཏང་ནས་འདོད་རྔམ་ཆེ་ཞིང་རྒྱས་སྤྲོས་དོན་གཉེར་གྱི་སྤྱོད་ཚུལ་ངན་པར་ངོ་རྒོལ་བྱེད་དགོས། ལྷག་བསམ་རྣམ་དག་ངང་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་ལྷོད་གཡེང་གཏོང་མི་རུང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བྱམས་སྙིང་རྗེ་དང་། སྡིག་སྤོང་དགེ་སྒྲུབ། སེམས་ཅན་ཐམས་ཅད་བདེ་ལ་འགོད་པའི་ཆོས་ལུགས་ཀྱི་དམིགས་དོན་དར་སྤེལ་གཏོང་བ། དད་ལྡན་མང་ཚོགས་ཚོར་སེམས་ནུས་གཙོ་བོ་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་འཇོག་རྒྱུའི་ཁྲིད་སྟོན་བྱེད་པ། བདེ་ཐང་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ། དད་ལྡན་མང་ཚོཌ་ཀྱི་ཁུར་པོ་ལྕི་རུ་མི་གཏོང་བ་བཅས་བྱས་ནས་དགོན་སྡེའི་གྲྭ་དམངས་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཏན་ཏིག་བྱེད་དགོས།

(དགེ་ལུགས་པའི་འཐུས་མི་དང་། ལྗོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། འབྲས་སྤུངས་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ)

“ཕན་པ་ལྔ”ཚད་གཞིར་བྱས་ནས་དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས།

ཡ་ཀུའུ།

ཐོག་མཐའ་བར་གསུམ་དུ་དབྱི་སི་ལམ་ཆོས་ལུགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་སྟེ་དུས་དང་རྣམ་པ་ཀུན་ཏུ་བཀའ་དྲིན་དྲན་པའི་བསམ་པ་བཅངས་ནས་སེམས་གཏིང་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་བཀུར་ཞུ་བ་བཅས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློའི་ཐོག་ནས་མི་ལ་སློབ་སྟོན་བྱེད་པ་དང་། མཐུན་སྒྲིལ་ཞི་བདེའི་འདུ་ཤེས་ཐོག་ནས་གཞན་ལ་གོ་བསྐོན་བློ་འགུག་བྱེད་པ། དགེ་སྒྲུབ་སྡིག་སྤོང་གི་སྙིང་སྟོབས་ཐོག་ནས་མི་སྣ་གསོ་སྦྱོང་བཅས་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཤུགས་སྣོན་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་ཆ་ནི་ཆག་སྒོ”ཡིན་པའི་གནས་ལུགས་གསལ་པོ་ཤེས་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པ། མི་རིགས་ཁག་དབར་གྱི་མཐུན་སྒྲིལ་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱེད་པ། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱེད་དགོས། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཡག་པོ་ཞུས་ཏེ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་དབྱི་སི་ལམ་ཆོས་ལུགས་ལ་དད་པ་བྱེད་མཁན་མང་ཚོགས་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་བླང་བྱ་དང་གཅིག་གྱུར་ཡོང་བ་བྱས་ནས་དབྱི་སི་ལམ་ཆོས་ལུགས་ཀྱི་དབུལ་སྐྱོར་ཉེན་སྐྱོབ་དང་དགེ་བའི་ལས་ལ་བརྩོན་ཞིང་གཏོང་ཕོད་ཆེ་བའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་དགོས། དབྱི་སི་ལམ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་རང་རྟོགས་ངང་ཏང་དང་སྲིད་གཞུང་གི་བཀའ་མངགས་གལ་ཆེན་དང་དུ་ལེན་པ་དང་། རྒྱལ་གཅེས་དང་། ཞི་བདེ། མཐུན་སྒྲིལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ། དབྱི་སི་ལམ་ཆོས་ལུགས་ཀྱི་དད་པ་དང་བྱེད་སྤྱོད་ཚད་ལྡན་ལ་གསལ་འགྲེལ་བྱེད་པ། ཆོས་འགྲེལ་ལས་དོན་ཡག་པོ་སྒྲུབ་པ། “ངན་ཤུགས་གསུམ”གྱིས་དབྱི་སི་ལམ་ཆོས་ལུགས་འཁྱོག་བཤད་བྱས་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་སྤེལ་བའི་ངོ་བོར་སུན་འབྱིན་བྱེད་པ། ཐལ་སྐྱོད་རིང་ལུགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་བཅས་བྱེད་དགོས།

སླད་ཕྱིན་ང་ཚོ་བོད་ཀྱི་དབྱི་སི་ལམ་ཆོས་ལུགས་རིགས་ཁོངས་ཀྱིས་དབྱི་སི་ལམ་ཆོས་ལུགས་ཀྱི“རྒྱལ་གཅེས་ནི་དད་སེམས་ཀྱི་ཆ་ཤས་ཡིན་པའི”ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྔ་ཕྱི་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། དད་ལྡན་མང་ཚོགས་ལ་དད་པ་དང་བྱེད་སྤྱོད་ཚད་ལྡན་དང་སྒྲིག་བཀུར་ཁྲིམས་སྲུང་བྱས་ཏེ་སྤྱི་དམངས་ཡག་པོ་དང་དད་ལྡན་པ་ཡག་པོ་ཞིག་བྱ་རྒྱུའི་ཁྲིད་སྟོན་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་རང་འགུལ་ངང་གཞོགས་འདེགས་ཧུར་ཐག་བྱེད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཆོག་འཐུས་ཁྱབ་ཁོངས་སུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱེད་དགོས། དབྱི་སི་ལམ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ནས་ཆོས་ལུགས་ཞི་མཐུན་གྱི་འདུ་ཤེས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དུས་རབས་གསར་པའི་ཆོས་འགྲེལ་ལས་དོན་ཡག་པོ་སྒྲུབ་པ། བློ་བསྡུས་དགེ་འཚོལ་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་འཚམ་པའི་ཆོས་འགྲེལ་གྲུབ་འབྲས་མང་ཙམ་འདོན་པ། དབྱི་སི་ལམ་ཆོས་ལུགས་ཀྱི་བསྟན་དོན་འདུལ་ཁྲིམས་ཁྲོད་ཀྱི་རྒྱུ་རྐྱེན་བཟང་པོ་སྔར་བས་འདོན་སྤེལ་བཅས་བྱས་ཏེ་དབྱི་སི་ལམ་གྱི་དད་ལྡན་མང་ཚོགས་ཀྱིས་རང་རྟོགས་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་རྒྱུ་བཅས་ལ་ཁྲིད་སྟོན་བྱེད་དགོས།

(དབྱི་སི་ལམ་ཆོས་ལུགས་ཀྱི་འཐུས་མི། ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཕྱག་ཁང་ཆེ་མོའི་ཨ་ཧུང)

བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་ཆོས་ལུགས་རིགས་ཁོངས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

ཐུབ་བསྟན་སྙིང་པོ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་རང་རྒྱལ་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ་སོགས་ཚང་མར་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད།

རང་ཉིད་ཀྱི་ངོས་ནས་བརྗོད་ན། “ཚད་གཞི་བཞི”ནི། ཆོས་ལུགས་རིགས་ཁོངས་ཚང་མར་བཏོན་པ་དང་། དུས་རབས་ཀྱི་བླང་བྱ་དང་། སྤྱི་ཚོགས་ཡར་ཐོན་ཡོང་བ། བསྟན་དོན་འདུལ་ཁྲིམས་བཅས་དང་འཚམ་པའི་ཚན་རིག་དང་མཐུན་པའི་ཆོད་སྡོམ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་བཅས་ཡིན་པའི་ངོས་འཛིན་ཟབ་མོ་བྱུང་།

དགེ་འདུན་པ་ཞིག་ཡིན་པའི་ངོས་ནས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། “ཚད་གཞི་བཞི”སློབ་སྦྱོང་དང་ལག་ལེན་ཟམ་མི་ཆད་པར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་མི་བརྗེད་པ། ཏང་དང་མི་དམངས་ལ་དགའ་ཞེན་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་བལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་རང་ཉིད་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། དར་ཆ་གསལ་སྟོན་ཐུབ་པ། ལངས་ཕྱོགས་བརྟན་པ་བཅས་ཀྱི་རྒྱལ་གཅེས་ཀྱི་དགེ་འདུན་དཔེ་བཟང་བ་ཞིག་བྱེད་པའི་ཆོད་སེམས་བརྟན་པོ་ཡོད།

ང་ཚོ་ནང་པ་སངས་རྒྱས་པའི་ཆོས་པ་ཞིག་གིས་ངེས་པར་དུ་སྔོན་ཐོན་རིག་གནས་ཐ་དག་སློབ་སྦྱོང་དང་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་མཐར་ཕྱིན་པའི་ཁར་འདུལ་ཁྲིམས་ནན་པོ་བསྲུངས་ཏེ་དད་ལྡན་མང་ཚོགས་ཀྱིས་བརྩི་བཀུར་ཐོབ་པའི་དགེ་འདུན་པ་བཟང་པོ་ཞིག་བྱེད་དགོས།

གོམ་སྟབས་རྗེས་མར། ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཁར་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ནས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། “ཕན་པ་ལྔའི”ཚད་གཞི་མཐའ་འཁྱོངས། “ཚད་གཞི་བཞི”ལག་བསྟར། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

(ས་སྐྱ་པའི་འཐུས་མི་དང་། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན། བསམ་གྲུབ་རྩེ་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ངོར་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་པོ)