《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月17日

༄༅གཅེས་པའི་བུ་མོར་ཕུལ་བའི་སྙིང་གཏམ་།

དབུ་རུ་དོན་འདུར།

གཅེས་པའི་བུ་མོ་ལགས། ང་རྒྱལ་དང་ཞེ་སྡང་ཟེར་བའི་སེམས་སྦུག་གི་དགྲ་བོ་དེ་དག་མར་ལ་བསྐྱུར་ཏེ། སྤྲོ་སེམས་དང་སེམས་ཁུར་རེ་རེ་ཕར་ལ་བརྐྱངས་ནས་བཟོད་སྒོམ་དང་ཁོག་ཤེས་ཟེར་བའི་བཟང་ཆ་རེ་རེ་ཚུར་ལ་ཁུར་ཤོག

གཅེས་པའི་བུ་མོ། ཚིག་གསུམ་བསླབས་རུང་དགེ་རྒན་གྱི་འདུ་ཤེས་དགོས་ཞེས་གསལ་བར་གཞིགས་ན། དགེ་རྒན་ནི་བཀའ་དྲིན་གཞལ་བར་དཀའ་བའི་མི་སྣ་གཙོ་བོ་དེ་ཡིན་པས། དགེ་རྒན་ལ་སེམས་གཏིང་ནས་གུས་བཀུར་དང་བརྩི་འཇོག་བྱེད་དགོས། དགེ་རྒན་ཁོ་ནས་ཁྱེད་རང་མི་ཡུལ་གྱི་གྲམ་པའི་སྟེང་ནས་མཛེས་སྡུག་གི་ལམ་དུ་ཁྲིད་ཐུབ། གཅེས་པའི་བུ་མོ། རིན་མེད་ཀྱི་འཛུམ་ཆུང་ནི་གསེར་དངུལ་གྱི་རྒྱན་ཆ་ལས་ལྷག་པས། དུས་རྒྱུན་དུ་འཛུམ་བསྟན་རྒྱུ་མ་བརྗེད། མི་སེམས་དགའ་ན་ཆོས་ཡིན་ཞེས་པའི་དཔེ་ལྟར། འཛུམ་ཤིག་ཤིག་གི་རྣམ་འགྱུར་དེས་གསེར་གྱིས་མི་ཁུག་པའི་སྤྲོ་སྣང་སྦྱིན་ཐུབ།

རང་ཉིད་ལ་སྡང་སེམས་བཅངས་མཁན་ལ་ཁོང་ཁྲོ་མ་བྱེད། ཁོ་ལ་ཡང་དེ་ལྟར་བྱེད་པའི་རྒྱུ་མཚན་རེ་ཡོད་པར་ངེས། མཛའ་དུང་གི་ལག་ཟུང་དྲོན་མོ་ཕར་ལ་རྐྱོངས་དང་། ནམ་ཞིག་འགག་རྩའི་དུས་སུ་ཁོ་ཚོས་ཀྱང་ཁྱོད་ལ་ཕན་སྲིད་དེ། གནའ་གཏམ་ལས། མི་དེ་ལ་རེ་མི་དགོས་པ་དང་ལམ་དེ་ལ་འགྲོ་མི་དགོས་པ་མེད་ཅེས་པ་བཞིན་ནོ། གཅེས་པའི་བུ་མོ། མི་གཞན་པས་རང་ལ་ག་ཚོད་ཕན་ཡོད་མེད་ལ་བལྟ་མི་རུང་བར། རང་གི་ཁོ་ཚོ་ལ་ཕན་ག་ཚོད་ཐོགས་ཡོད་མེད་ལ་བསམ་བློ་ཐོངས། ཁོ་ཚོས་ཁྱོད་ལ་མ་ཕན་རུང་ཕན་དགོས་པའི་འོས་འགན་མེད། ཡིན་ན་ཡང་། རང་ཉིད་ཀྱི་གཞན་ལ་ཕན་ཐོགས་བྱེད་རྒྱུ་ནི་རང་ཉིད་ཕན་ཐོགས་པའི་མི་ཞིག་ཆགས་པ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་རེད།

གཅེས་པའི་བུ་མོ། ཁ་པར་གྱི་འཆར་ཤེལ་ངོས་ནས། ཨ་གསར་གྱི་གཏམ་སྤྱོད་མ་ཉན། དཔེ་དེབ་ཀྱི་གྲོགས་པོའི་ལུས་ནས་ཤེས་རིག་གི་བདུད་རྩི་ཐུངས་ཤིག འཁྱུག་དབྱིངས་ཀྱི་བརྙན་ཐུང་ནང་ནས། ཁྲེལ་མེད་ཀྱི་སྤྱོད་ཚུལ་མ་སྦྱོངས། བཤེས་གཉེན་གྱི་ཞི་དུལ་ལམ་ནས། བཀའ་སློབ་ཀྱི་སྙིང་པོ་ལོངས་ཤིག

གཅེས་པའི་བུ་མོ། མེ་འཁོར་གྱི་འུར་འུར་དུང་སྒྲ་དེ་དང་། མི་ཚོགས་ཀྱི་ཙེར་ཙེར་སྐད་སྒྲ་དེ་དག་གིས། ལྷད་མེད་ཀྱི་བྱམས་བརྩེའི་སྤྱན་ཟུང་རེ་རེ་དང་། ཞེ་ལ་ཐོགས་པའི་ཁྲ་ཆུང་གི་མིག་ཟུང་རེ་རེ་ཕན་ཚུན་འཕྲད་དེ། བྲལ་མི་ཕོད་པར་མགྲིན་པ་བརྣངས་ཤིང་། མིག་ཆུའི་ཕྲེང་རྡོག་རེ་རེས་མཁུར་མགོ་བརླན་པའི་ཕ་མ་བུ་ཕྲུག་དེ་དག་ལ་རེ་རེ་གཟིགས་དང་། རང་གི་གཅེས་ཕྲུག་ལ་མི་དགའ་བའི་ཕ་མ་སུ་ཞིག་འདུག གཅེས་ཕྲུག་དང་ཕ་མ་ཟེར་བ་ནི་རང་གཞན་ཚང་མར་ཁྱབ་མཉམ་དུ་ཡོད། ཚང་མ་ཕ་མ་ཡིན་ན་ཡིན་མཉམ་དང་བུ་ཕྲུག་ཡིན་ན་ཡིན་མཉམ་འདྲ་བས། ཀུན་ལ་མཐུན་པར་གྱིས། ཀུན་ལ་བརྩེ་བ་གྱིས།

གཅེས་པའི་བུ་མོ། ཁྱོད་ཚོ་ཚང་མ་ལྡུམ་ར་གཅིག་ཏུ་བཞད་པའི་མེ་ཏོག་རྐང་རེ་རེ་དང་འདྲ་བས། མེ་ཏོག་སྣ་བརྒྱ་བཞད་པའི་ལྡུམ་རའི་ནང་། མེ་ཏོག་ཚང་མ་འདྲ་མཉམ་ཡིན། གཅེས་པའི་བུ་མོ། མི་དེ་ལ་དེ་བརྟེན་དང་རྫ་ཁ་ལ་ལུང་ལྡན་ཞེས་པའི་དཔེ་ལྟར། མི་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་འཚོ་བཞིན་ཡོད་པས། དམའ་ས་ལ་མཐོང་ཆུང་མ་བྱེད། འདྲ་མཉམ་ལ་སྤོབས་པ་མ་བྱེད། མཐོ་ས་ལ་སྤྲེལ་ལད་མ་བྱེད། མཐོ་དམའ་ནི་སྐད་ཅིག་གི་མགྲོན་པོ་ཡིན་པས། མགྲོན་པོ་སུ་ཡང་བྱེད་རེས་རེད། གཅེས་པའི་བུ་མོ། མེས་རྒྱལ་གྱི་བླང་བྱ་མ་དོར། རང་ཉིད་ཀྱི་སྐད་ཡིག་མ་བརྗེད། ཕ་མ་ལ་ཁ་ལན་མ་སློགས། དགེ་རྒན་གྱི་བཀའ་མ་དོར། སྤུན་གྲོགས་ཀྱི་སེམས་མ་གསོད། སེམས་མཐུན་གྱི་སྙིང་མ་བརྐུ། བློས་ཐུབ་ཀྱི་བླ་མ་འཚོང་།

གཅེས་པའི་བུ་མོ། ཡ་རབས་ཀྱི་སྐད་ཆ་ཤོད། དྲང་བདེན་གྱི་ལས་ཀ་བྱེད། རང་དགོས་ཀྱི་ཤེས་རིག་སྦྱོངས། གཞན་མཁོ་ལ་ཕན་བདེ་བསྐྲུན། ཟས་ཡོད་ན་མཉམ་དུ་ཟོ། གཏམ་ཡོད་ན་སྤྱི་ལ་ཤོད། མི་གཞན་ལ་མཐོང་ཆུང་མ་བྱེད། དབང་སྐྱོན་ལ་རོགས་རམ་བྱེད། འདི་དག་ཡོད་ཚེ་ཁྱོད་ལ་གཞི་ནས་ཡོན་ཏན་ལྡན་པ་རེད། འདི་དག་ཡོད་ན་ཁྱོད་ལ་གཞི་ནས་བདེ་སྐྱིད་ཐོབ་ཐུབ། འདི་དག་ཡོད་ཚེ་གཞི་ནས་ཤེས་ལྡན་པའི་གནས་ས་བཟུང་ཐུབ། གཅེས་པའི་བུ་མོ་ལགས།