《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月16日

གནའ་དཔེ་ཡོངས་བཤེར་སྲུང་སྐྱོང་གི་ལས་དོན་ལེགས་པར་བསྒྲུབས་པ།

—— རང་ལྗོངས་ཀྱི་གནའ་དཔེ་ཡོངས་བཤེར་སྲུང་སྐྱོང་གི་ལས་དོན་སྐོར་བཀོད་པ།

↑ འདི་ནི་གནའ་དཔེ་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་ཡུལ་དུ་དཔེ་མཛོད་ཁང་གི་ལས་དོན་མི་སྣས་གནའ་དཔེའི་དཔེ་རས་ཁ་ཕྱེ་བཞིན་པ།

2020ལོའི་ཟླ་11ཚེས་15ཉིན། “རྩེར་སོན་གྱི་རིག་གནས་རྒྱུན་འཛིན་བྱེད། གནའ་དེང་གི་བློ་གྲོས་གཅིག་ཏུ་སྡུད”ཅེས་པའི་བརྗོད་དོན་གཙོ་བོའི“ཀྲུང་ཧྭའི་སྲོལ་རྒྱུན་གནའ་དཔེ་འགྲེམས་སྟོན་བྱེད་སྒོ”རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་སྤེལ་བ་རེད།

གནའ་དཔེ་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་ཡུལ་དུ་དཔེ་རས་སེར་པོས་བཏུམས་པའི་གནའ་དཔེ་ཞིག་དཔེ་མཛོད་ཁང་གི་ལས་དོན་མི་སྣ་གཉིས་ཀྱིས་དལ་བ་དལ་བུར་ཁ་ཕྱེ་བ་དང་བསྟུན་ནས་སྣ་ལམ་དུ་དཔེ་དེབ་ཀྱི་དྲི་བསུང་འཐུལ་བྱུང་། གནའ་དཔེ་དེའི་ཟུར་གཉིས་ལ་རལ་སྐྱོན་ཤོར་བ་མ་ཟད། ལོ་རབས་གང་ཞིག་ཏུ་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་སྣག་ཚའི་ཐིགས་པ་བརྒྱབ་སྟེ་མཛུབ་རིས་འཐེན་འདུག་པ་དེ་ཐོག་ནས་གནའ་དཔེ་དེ་ལོ་རབས་མང་པོ་ཕྱིན་པ་གསལ་པོ་རྟོགས་ཐུབ།

གནའ་དཔེ་རིགས་གཅིག་མཁས་ཅན་དང་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་ཞིབ་འཇུག་པ་པད་མ་བཀྲ་ཤིས་ཀྱིས། དུས་རབས་བཅུ་གསུམ་པར་ས་པཎ་མཆོག་གིས་མཛད་པའི་ཚད་མ་རིག་པའི《ཚད་མ་རིགས་གཏེར》ནི་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་རྩ་ཆེའི་མཆོག་ནོར་ཅིག་རེད་ཅེས་བརྗོད།

ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་གནའ་དཔེའི་དཔར་མ་མང་ཆེ་བ་ནི་ཤིང་བརྐོས་དང་ལག་བྲིས་ཡིན་པ་དེ་དག་ཁག་གཅིག་གསེར་དངུལ་སོགས་རྩ་ཆེའི་རྒྱུ་ཆ་སྤྱད་ནས་བྲིས་པ་ཞིག་ཡིན་ཞིང་། སྔ་བ་དུས་རབས་12པ་ནས་ཕྱི་བ་ཉེ་དུས་བར་བསྐྱར་དུ་དཔེ་སྐྲུན་བྱས་པའི་གནའ་དཔེའི་དཔར་མ་མང་པོ་ཡོད་པ་དེའི་ཁྲོད་དུ་ཡོན་རྒྱལ་རབས་ཀྱི་ནང་སའི་ཤིང་བརྐོས་དཔར་མ་དང་བསྟན་པ་ཕྱི་དར་དུས་ཀྱི་ལག་བྲིས་དཔར་མ་སྣ་ཚོགས་དང་དེ་བཞིན་གཏེར་ཆོས་ཚད་ལྡན་ཡིག་ཆ་ཡོད་ལ། དར་ཁྱབ་དེ་ཙམ་མ་བྱུང་བའི་དཔེ་རྒྱུན་དཀོན་རིགས་ཀྱང་ཡོད་པ་རེད།

པད་མ་བཀྲ་ཤིས་ཀྱིས“ནང་དོན་གྱི་གྲས་སུ《བཀའ་འགྱུར》དང《བསྟན་འགྱུར》ཡོད་ལ། བླ་མ་སྐྱེས་ཆེན་གྱི་རྩོམ་རིག་གཅེས་བཏུས་དང་། བོད་ལུགས་གསོ་རིག་དང་བོད་སྨན། གནམ་རིག་སྐར་རྩིས། ལོ་རྒྱུས་རིག་གཞུང་སོགས་ཕྱོགས་མང་པོ་ཚུད་ཡོད་པས། བོད་རིག་པ་སོགས་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད་ལ། རྩ་ཆེའི་ལོ་རྒྱུས་རིག་དངོས་ཀྱི་རིན་ཐང་ཡང་ལྡན་ཡོད”ཅེས་ངོ་སྤྲོད་བྱས།

གནའ་དཔེའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁུལ་ཆེན་ཞིག་ཡིན་པའི་བོད་དུ་བཙན་པོའི་དུས་ནས་བཟུང་ལོ་རྒྱུས་ཡུན་རིང་ལྡན་ལ་ནང་དོན་ཕུན་སུམ་ཚོགས་ཤིང་སྣ་ཁ་འཛོམས་པའི་ཚད་ལྡན་ཡིག་ཆའི་གནའ་དཔེ་མང་པོ་བཞག་ཡོད།

རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་སྤེན་པ་ཚེ་རིང་གིས། “འདི་ནི་བོད་མི་རིགས་ཀྱིས་ལོ་ངོ་སྟོང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་གསར་གཏོད་མཛད་པའི་ཤེས་དཔལ་གྱི་གྲུབ་འབྲས་གལ་ཆེན་ཞིག་དང་བོད་ཀྱི་དུས་ཡུན་རིང་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་དང་མི་ཆོས་ཀྱི་བསམ་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་རིག་གནས་ཀྱི་དཔང་པོ་དང་ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྩ་ཆེའི་ཤུལ་ནོར་ཞིག་དེ་བས་ཀྱང་རེད། བོད་ཡིག་གནའ་དཔེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་རིག་གནས་དང་རྒྱ་བོད་མི་རིགས་དབར་གྱི་སྤེལ་རེས་སོགས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་བོད་ཡིག་གི་གནའ་དཔེའི་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུ་དེ་དུས་རབས་འདིའི་དཔེ་མཛོད་ཁང་གི་ལས་དོན་པའི་ཕྲག་སྟེང་དུ་བབས་པའི་ལས་འགན་རེད”ཅེས་བརྗོད།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོག་མཐའ་བར་གསུམ་དུ་གནའ་དཔེ་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གནའ་དཔེ་སྲུང་སྐྱོང་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། 2007ལོར་རང་ལྗོངས་སུ་གནའ་དཔེ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནའ་དཔེ་སྲུང་སྐྱོང་ལས་དོན་སྐོར་གྱི་ཡིག་ཆ་རབ་དང་པ་རིམ་པ་བཏོན་པ་དང་བསྟུན་ནས་བོད་ཀྱིས་2011ལོར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ་ནས་ལྗོངས་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་དང་སྲུང་སྐྱོང་གི་ཞིབ་ཕྲའི་ལས་འགན་ཁུར་ཡོད།

སྤེན་པ་ཚེ་རིང་གིས་ངོ་སྤྲོད་བྱས་དོན། ད་ཆ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཚང་མར་གྲོང་ཁྱེར་དང་ས་ཁུལ་དེ་གའི་གནའ་དཔེ་ཡོངས་བཤེར་སྲུང་སྐྱོང་འགོ་ཁྲིད་ཚོགས་ཆུང་བཙུགས་ཡོད་པས། གྲོང་ཁྱེར་དང་ས་ཁུལ་དེ་གའི《གནའ་དཔེ་ཡོངས་བཤེར་ལས་དོན་གྱི་ཞིབ་ཕྲའི་ལག་བསྟར་ཇུས་གཞི》གྲུབ་ཡོད། 2013ལོའི་ཟླ་5པ་བར། ལྗོངས་ཡོངས་སུ་བོད་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོང་ལས་དོན་གྱི་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་གདན་ཞུའི་ལས་དོན་ལེགས་གྲུབ་ཟིན་ནས་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་རིགས་ཅིག་མཁས་ཅན་29ལ་གདན་ཞུའི་ཡི་གེ་སྤྲད་ཡོད། རང་སྐྱོང་ལྗོངས་རིག་གནས་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་ཡོངས་བཤེར་ལས་དོན་གྱི་ལག་བསྟར་ཇུས་གཞི》དང《བོད་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་ཡོངས་བཤེར་ལས་དོན་གྱི་ཚོད་ལྟའི་འཆར་གཞི》ཞིབ་འཇུག་བྱས་ནས་བཏོན་ཡོད།

2010ལོ་ནས་བཟུང་གནའ་དཔེ་ཡོངས་བཤེར་དང་སྲུང་སྐྱོང་ལས་དོན་དངོས་སུ་སྤེལ་འགོ་བཙུགས་ཚུན། རང་ལྗོངས་ཀྱིས་མི་ཁག་གཅིག་ནང་སར་ཆེད་ལས་གསོ་སྦྱོང་དུ་མངགས་པ་དང་དུས་མཚུངས་ལྗོངས་ནང་ཁུལ་གྱི་ད་ཡོད་རིགས་གཅིག་མཁས་ཅན་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་གཞི་རིམ་ལས་དོན་པ་མི་ཐེངས་600ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད། དེ་དང་ཆབས་ཅིག་ལས་དོན་མི་སྣ་ཐེངས་མང་མངགས་ནས་རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་གཉེར་བའི་གནའ་དཔེ་ཡོངས་བཤེར་དང་། ཉམས་གསོ། གྲངས་གཞི་ཅན་སོགས་སྐོར་གྱི་གསོ་སྦྱོང་ལ་ཞུགས་སུ་བཅུག་ཡོད།

མིག་སྔར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་གི་གནའ་དཔེ་1.5ལྷག་ཙམ་ཡོད་པའི་ནང་གནའ་དཔེ་རྩ་ཆེན་3500ལྷག་ཙམ་ཡོད། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་སྤེན་པ་ཚེ་རིང་གིས། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་དཔེ་མཛོད་ཁང་གི་ཁྱད་ལྡན་དང་ཚད་ལྡན་ཡིག་ཆ་ཉར་ཚགས་ཁང་གི་དགོས་མཁོར་གཞིགས་ནས། རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་གནའ་དཔེའི་ཚད་ལྡན་ཡིག་ཆའི་ཆ་འཕྲིན་དང་གནས་ཚུལ་བསྡུ་རུབ་དང་། ལེགས་སྒྲིག ཤེས་རྟོགས་བཅས་བྱས་ནས་དཔེ་མཛོད་ཁང་གི་ཁྱད་ཆོས་ལྡན་པའི་གནའ་དཔེའི་ཚད་ལྡན་ཡིག་ཆ་འགན་ལེན་མ་ལག་བཙུགས་ཡོད། བོད་ཡིག་གི་གནའ་དཔེའི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་འཚོལ་བསྡུ་དང་། ལེགས་སྒྲིག སྲུང་སྐྱོང་བཅས་ཀྱི་ལས་འགན་འཁུར་ནས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཁྱད་ཆོས་ལྡན་པ་དང་། ཞིབ་འཇུག་གི་རིན་ཐང་ལྡན་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་གནའ་དཔེའི་ཚད་ལྡན་ཡིག་ཆ་སྣ་ཚོགས་འཚོལ་བསྡུ་བྱས་པ་མ་ཟད། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་གནའ་དཔེའི་ཚད་ལྡན་ཡིག་ཆའི་ཐོན་ཁུངས་རིགས་དབྱེ་བ་དང་། དཀར་ཆག་སྒྲིག་པ། ལས་སྣོན་ལེགས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་བསྒྲུབས་ཡོད། མིག་སྔར་བོད་ཡིག་གི་གནའ་དཔེའི་དཀར་ཆག་ཁྲོད་དཀར་ཆག་ཞིབ་ཕྲ་ཁྲི་1.1ལྷག་ཙམ་དང་ཤོག་བྱང་དཀར་ཆག་ཁྲི་3.3སྒྲིག་བཟོ་བྱས་ཟིན་པ་དང《བོད་ལྗོངས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་གི་གནའ་དཔེའི་སྤྱིའི་དཀར་ཆག་གི་རྩོམ་རིག་ཕྱོགས་སྒྲིག་ལེའུ》རྩོམ་སྒྲིག་དཔེ་སྐྲུན་ཟིན་པར་ཁྱོན་ཡིག་འབྲུ་ཁྲི་130ཟིན་པའི་དེབ་བཞི་ཡོད་པ་རེད། དཔེ་མཛོད་ཁང་གི་གནའ་དཔེ་40ཁག་དང་པོ་ནས་དྲུག་པ་བར་གྱི《རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང》ནང་བདམས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གནའ་དཔེ་ཡོངས་བཤེར་དང་སྲུང་སྐྱོང་ལས་དོན་སྤེལ་ཚུན། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་གནའ་དཔེ་ཡོངས་བཤེར་དང་སྲུང་སྐྱོང་གི་གྲོན་དངུལ་སྒོར་ཁྲི་1031.72(རྒྱལ་ཁབ་ནས་མ་དངུལ་སྒོར་ཁྲི་317.02དང་རང་སྐྱོང་ལྗོངས་ནས་མ་དངུལ་སྒོར་ཁྲི་714.7ཐག་གཅོད་བྱས་པ)སྔ་རྗེས་སུ་ཐག་གཅོད་བྱས་ཤིང་། ཆེད་དོན་མ་དངུལ་དེ་དག་གནའ་དཔེ་ཡོངས་བཤེར་དང་། ཉམས་གསོ། དཔུང་ཁག་གསོ་སྐྱོང་། ཡོངས་བཤེར་གནའ་དཔེ་རྩོམ་སྒྲིག་དཔེ་སྐྲུན། གནའ་དཔེ་གྲངས་གཞི་ཅན། གནའ་དཔེ་ཉར་ཚགས་ཚན་པའི་ཆ་རྐྱེན་ལེགས་སུ་གཏོང་བ། དམངས་ཁྲོད་ཀྱི་རྩ་ཆེའི་གནའ་དཔེ་ཉོ་སྒྲུབ་སོགས་ཐད་སྤྱད་པས། གནའ་དཔེ་སྲུང་སྐྱོང་ལས་དོན་ནུས་ལྡན་ངང་སྤེལ་རྒྱུར་འགན་ལེན་བྱུང་ཡོད།

ལྗོངས་ཡོངས་ཀྱི་གནའ་དཔེ་ཡོངས་བཤེར་ལས་དོན་མི་སྣའི་ཐུན་མོང་འབད་བརྩོན་འོག མིག་སྔའི་བར་ལྗོངས་ཡོངས་ཀྱི་ནག་ཆུ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ལྷ་ས་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་སོགས་གྲོང་ཁྱེར(ས་ཁུལ)དྲུག་གི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་འགན་ལེགས་གྲུབ་བྱུང་བ་དང་གཞིས་རྩེ་གྲོང་ཁྱེར་གྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་འགན་སྤྱིར་ན་ལེགས་གྲུབ་བྱུང་ཡོད། ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་སོགས་གཙོ་གནད་ཉར་ཚགས་ཚན་པའི་ཡོངས་བཤེར་ལས་དོན་སྤེལ་འགོ་བཙུགས་ཏེ་ལྗོངས་ཡིག་ཚགས་ཁང་གི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཡོད། གནའ་དཔེ་ཡོངས་བཤེར་ལེགས་གྲུབ་བྱུང་ཚད་ཁྲི་1.8ལྷག་ཙམ་ཟིན་པ་དང་དཔར་མའི་དཔེ་དེབ་ཁྲི་8.9ལྷག་ཙམ་སྒྲིག་བཟོ་ཟིན་ཡོད། གནའ་དཔེ་ཉར་ཚཌ་ཚན་པ་1160ལྷག་ཙམ(དེའི་ཁྲོད་མི་སྒེར་102ཚུད་པ)གྱི་གནའ་དཔེ་ཡོངས་བཤེར་ཐོ་འགོད་ལས་དོན་ལེགས་གྲུབ་ཟིན་ཡོད།

སྤེན་པ་ཚེ་རིང་གིས། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས《གངས་ལྗོངས་ཀྱི་རྩ་ཆེའི་གནའ་དཔེ——བོད་རང་སྐྱོང་ལྗོངས་ཀྱི་ཁག་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་གཞུང་བོད་རྒྱ་ཤན་སྦྱར་གྱི་པར་མཛོད》སོགས་གནའ་དཔེ་ཡོངས་བཤེར་གྲུབ་འབྲས་སྐོར་གྱི་དེབ་བཅུ་ལྷག་ཙམ་རྩོམ་སྒྲིག་དཔེ་སྐྲུན་བྱས་པས། རྒྱ་ཆེའི་བོད་རིག་པའི་ཞིབ་འཇུག་པ་དང་ལྷག་དོན་དུ་བོད་ཡིག་གནའ་དཔེའི་ཚད་ལྡན་ཡིག་ཆ་ཞིབ་འཇུག་པ་དང་དགའ་པོ་ཡོད་མཁན་ངོས་ནས་བརྗོད་ན་ཞིབ་འཇུག་གི་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད་ཅེས་བརྗོད།

སྤེན་པ་ཚེ་རིང་གིས། “གནའ་དཔེ་ཡོངས་བཤེར་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད་ནའང་གནད་དོན་མི་ཉུང་བ་ཞིག་ཡོད། མིག་སྔར་རང་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོང་ལས་དོན་ལ་དཀའ་ངལ་མང་པོ་འཕྲད་ཡོད། བོད་ཀྱི་དམངས་ཁྲོད་དུ་བོད་ཡིག་གི་རྩ་ཆེའི་གནའ་དཔེའི་ཚད་ལྡན་ཡིག་ཆ་ལྐོག་ཉར་བྱས་པ་དང་། སྲུང་སྐྱོང་གི་འདུ་ཤེས་དམན་པ་དང་ཆ་རྐྱེན་ཞན་པ་སོགས་ཕྱོགས་གང་ཅིའི་རྒྱུ་རྐྱེན་དབང་གིས་གནའ་དཔེ་ལྐོག་ཚོང་དང་གནའ་དཔེ་ཕྱིར་གྱར་བ་སོགས་ཀྱི་སྣང་ཚུལ་སྔར་བཞིན་ཐོན་གྱི་ཡོད་པས། སྲུང་སྐྱོང་གི་ལས་འགན་ཧ་ཅང་ལྕི་པོ་ཡོད། རང་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོང་གི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་མ་ཟད། གནའ་དཔེའི་རིགས་གཅིག་མཁས་ཅན་ཁ་ཐང་བ་དང་གྲོན་དངུལ་མི་འདང་བའི་ཁར། གནའ་དཔེ་སྲུང་སྐྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་གནའ་དཔེ་སྲུང་སྐྱོང་དང་ཉར་ཚགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས་ཀྱི་ཡོད”ཅེས་བརྗོད།

(བཀྲ་ཤིས་ཚེ་དབང་གིས་བསྒྱུར)