《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月16日

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད།

ཟླ་1ཚེས་14ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལ་སོ་ནམ་ལོ་གསར་ཤར་བ་རེད། འདི་ནི་ས་སྐྱ་རྫོང་བྲག་མཇུག་ཤང་ཉེ་འཁོར་གྱི་རྒྱལ་ལམ་318ཀྱི་དགའ་སྐྱིད་གླིང་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་ཡུལ་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཁང་པ་གསར་པར་སྤོས་རྗེས་ཀྱི་ལོ་གསར་དང་པོ་དགའ་སྤྲོའི་ངང་གཏོང་བཞིན་པ།

“ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པ། དུས་ཡུན་རིང་པོ་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དུས་ཡུན་རིང་པོར་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་པས་བྱ་གཞག་ཁག་ལ་ཕྱོགས་ཀུན་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གྲུབ་འབྲས་ཟིན་ཐོ་ལས་མངོན་པར། 2020ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1800ལས་ཚད་བརྒལ་བྱུང་བ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་50000བརྒལ་བ་དེ་2015ལོ་ལས་52.6%དང་40%ཁག་སོ་སོར་འཕར་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཞིང་། 2020ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་ལྟར་ན་སྒོར་40777དང་སྒོར་14583ཟིན་པ་དེ་2015ལོའི་ལྡབ་1.6དང་ལྡབ་1.8རེད།

སྤུས་ཚད་མཐོ་བའི“རྒྱུགས་ལན”འདིར་ཕྱིར་མིག་བལྟ་སྐབས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་གནང་བའི་འགྲོ་ལམ་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚེ། གཞི་ནས་ང་ཚོས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ཡག་པོ་འགོད་ཐུབ།

བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་པ།

དམངས་ཡོངས་བདེ་ཐང་མེད་ཚེ། ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མེད། “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རང་ལྗོངས་སུ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་ཕྱོགས་ཡོངས་ནས་སྐྱོད་འགོ་ཚུགས་པ་དང་། འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་མ་དངུལ་གཏོང་ཤུགས་ལོ་རེ་བཞིན་ཆེ་རུ་བཏང་ནས། རང་སྐྱོང་ལྗོངས་སྨན་ཁང་དང་། གཙོ་གནད་སྨན་ཁང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག ཆ་འཕྲིན་ཅན་གྱི་བདེ་ཐང་སོགས་རིགས་ཆེན་པོ་ལྔའི་ཡན་ལག་རྣམ་གྲངས་ཁག་431འཛུགས་སྐྲུན་ལ་གཙོ་གནད་རྒྱབ་སྐྱོར་བྱས་པ་དང་། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1642དང་། ནད་ཁྲི་17073 འཕྲོད་བསྟེན་ལག་རྩལ་མི་སྣ་26150བཅས་ཟིན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་འགོ་ལས་སོ་སོར་2.24%དང་། 21.83% 48.18%འཕར་ཡོད། གྲོང་ཁྱེར་དང་ས་ཁུལ་7དང་། རྫོང་དང་ཆུས་74 ཤང་དང་གྲོང་རྡལ་692བཅས་ལ་ཁྱབ་པའི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་དམངས་ཡོངས་བདེ་ཐང་གི་ཆ་འཕྲིན་དྲ་རྒྱ་བསྐྲུན་ཡོད། ས་ཁུལ་དང་གྲོང་ཁྱེར་ཡན་གྱི་སྨན་ཁང་17དུ་(སྨན་རྩིས་ཁང་ཚུད་པ)དྲ་ཐོག་ནས་ཨང་ཀི་སྔོན་ནས་མངགས་ཐུབ་པ་དང་འབྲེལ། དྲ་ཐོག་གཏོང་སྤྲོད་དང་། བདེ་ཐང་སློབ་གསོ། རིག་ནུས་སྨན་བཅོས་ཞབས་ཞུ་སོགས་ཀྱི་ནུས་པ་རགས་ཙམ་འདོན་ཐུབ་ནས་ནད་པས་སྨན་པ་བསྟེན་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

ལོ་སྟོད་དུ། གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ། ལྗོངས་ཡོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པས། ལྗོངས་ཡོངས་ཀྱི་སྨན་དོན་མི་སྣ་གཅིག་ལའང“རིམས་ནད་མ་འགོས་པའི”ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་སྟེ། རྒྱལ་ཡོངས་ཀྱི་ནད་དཔེ་ཉུང་ཤོས་དང་དྲག་སྐྱེད་སྔ་ཤོས་བྱུང་བའི་གྲུབ་འབྲས་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ནོར་སྲིད་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་37.92བཀོད་སྒྲིག་བྱས་པའི་ནང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གྲོན་དངུལ་སྒོར་དུང་ཕྱུར་5.7དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་འབྲེལ་ཡོད་རིམས་འགོག་དམིགས་བསལ་རྒྱལ་བུན་གྱི་གཏོང་སྒོ་སྒོར་དུང་ཕྱུར་26.34 སྤྱི་པའི་འཕྲོད་བསྟེན་མ་ལག་སྐྲུན་པ་དང་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་གྱི་སྐྱོབ་བཅོས་མ་ལག་སྐྲུན་པའི་ཁ་གསབ་དངུལ་སྒོར་དུང་ཕྱུར་3.36 འཕྲལ་སྡོམ་དངོས་ཟོག་འགན་ལེན་མ་ལག་སྐྲུན་པའི་ཁ་གསབ་དངུལ་སྒོར་དུང་ཕྱུར་2.52ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།

—— གཞིས་རྩེ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་16.96ཚང་མ་དབུལ་གྲོལ་ཐུབ་པ་དང་། རྫོང་དབུལ་པོ་18ཚང་མས་དབུལ་ཞྭ་ཕུད་ཡོད།

—— ཆབ་མདོ་གྲོང་ཁྱེར་གྱི་དུད་ཚང་ཁྲི་3.84དབུལ་གྲོལ་ཐུབ་པ་དང་། རྫོང(ཆུས)11ཚང་མས་དབུལ་ཞྭ་ཕུད་ཡོད།

—— མངའ་རིས་ས་ཁུལ་གྱི་དུད་ཚང་6183གྱི་མི་23159ཚང་མ་དབུལ་གྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མས་དབུལ་ཞྭ་ཕུད་ཡོད།

2020ལོའི་ལོ་མཇུག་ཏུ། རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་སྔ་རྗེས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་འགྲེམས་སྟོན་བྱས་ཤིང་། མིག་སྔའི་བར། ལྗོངས་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་གྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་5377ཚང་མ་དབུལ་པོའི་གྲལ་ལས་ཕྱིར་འཐེན་བྱས་པ། རྫོང་74ཚང་མས་དབུལ་ཞྭ་ཕུད་ནས་རྒྱ་ཆེའི་མང་ཚོགས་དབུལ་པོའི་དངོས་པོའི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ་དང་། བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་པ། ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། བལྟོས་བཅས་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད་པ་རེད།

བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་ས་ཁུལ་དབུལ་པོ་གཅིག་པུ་དེ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དབུལ་སྒྲོལ་འགག་སྒྲོལ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས་དམ་འཛིན། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར། སློབ་གསོའི་ལས་ཞུགས་ལ་སྐུལ་འདེད། འགན་ལེན་སྲིད་ཇུས་ཐ་སྐྱོང་དོན་འཁྱོལ། བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་སྐྱོར་གཅིག་སྡུད། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན། མ་དངུལ་གཏོང་ཤུགས་ཆེར་གཏོང་བ། ཞན་ཆ་གསབ་པ་སོགས་ཀྱི་བོད་སྐྱོར་བྱ་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།

རྣམ་གླིང་གྲོང་རྡལ་ཁོ་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ནི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཆེན་པོ་5ཡི་གྲས་ཡིན་པ་དང་། དེ་སྔའི་ཐང་རྒོད་དུ་ད་ཆ་སྡོད་ཁང་གསར་པ་སྟར་པ་མང་པོ་བསྐྲུན་ཅིང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་248ཚང་མ་སྡོད་ཁང་གསར་པར་སྤོས་པ་དང་། བཀོད་སྒྲིག་བྱ་ཡུལ་དུ་དུས་གཅིག་ལ་མུའུ་1200ཟིན་པའི་ཧའེ་ཐང་མེ་ཏོག་འདེབས་འཛུགས་རྟེན་གཞི་བསྐྲུན་པས། དུད་ཚང་དབུལ་པོ་རང་ས་རང་ཡུལ་ནས་མ་བྲལ་བར་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ཡོད་པ་རེད།

ཁོ་མ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་རྣམ་པ་གསར་པ་ནི་རང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། མང་ཚོགས་དབུལ་པོར་རོགས་སྐྱོར་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་མངོན་འགྱུར་བྱས་པའི་མཚོན་ཚུལ་ཙམ་རེད། “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་དམིགས་ཚད་ལ་གཞིགས་ནས། རང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པ་དབུལ་སྒྲོལ་འགག་སྒྲོལ་གྱི“འདུ་འགོད་ཨང་དང་པོ”དང“མཚོན་བྱེད་རང་བཞིན་གྱི་འདུ་འགོད”ལ་བརྩིས་ནས། འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་གྲོང་ཁྱེར་དང་གྲོང་རྡལ་ལ་ཕྱོགས་པ་དང་། ཐོན་སྐྱེད་རྒྱུ་ཆ་འབེལ་བ་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བའི་ས་ཁུལ་ལ་ཕྱོགས་རྒྱུར་སྤྱི་འདོམས་བསམ་གཞིག་བྱས་ནས། “ཡུལ་ཕྱོགས་ཤིག་གི་ས་ཆུས་ཡུལ་ཕྱོགས་དེའི་མི་གསོ་ཐབས་བྲལ་བའི”མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།

དམངས་འཚོའི་དོན་ཆེན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་བཏང་བ།

ལས་ཞུགས་དང་དཔལ་འབྱོར་འཕེལ་རྒྱས་འབྲེལ་བ་ཡོད་ལ། མི་སེར་གྱི་བདེ་རྩ་དང་ཡང་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་ལས་ཞུགས་བརྟན་པོའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་གཏིང་ཟབ་རྒྱག་ཆེད། རང་ལྗོངས་ཀྱི་མི་སྤྱི་སྡེ་ཚན་གྱིས་ལས་ཞུགས་བརྟན་པོའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “བརྟན་པོ་དྲུག”གི་ལས་དོན་དང“འགན་ལེན་དྲུག”གི་ལས་འགན་ལ་དམ་པོར་དམིགས་པ། ལས་ཞུགས་དང་གྲོང་མིའི་ལས་ཞུགས་འགན་ལེན་ལས་ཀའི་གཙོ་གནད་ལ་བརྩི་བ། ལས་ཞུགས་བརྟན་པོའི་སྲིད་ཇུས་རབ་དང་རིམ་པ་སྔ་རྗེས་སུ་འདོན་པ། ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ་དང་བརྟན་པོར་རྒྱབ་སྐྱོར་བཅས་བྱས་ནས། རང་ལྗོངས་ཀྱི་ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་འགན་ལེན་བྱས་ཡོད། བསྡོམས་རྩིས་ལ་གཞིགས་ན། 2020ལོར། ལྗོངས་ཡོངས་སུ་མཐོ་སློབ་སློབ་ཐོན་སློབ་མ27769ཟིན་པའི་ནང་མི་26447ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་ཚད་95.24%ཟིན་ཡོད། ལྗོངས་ཡོངས་སུ་ཞིང་འབྲོག་པ་ཁྲི་60.4ལས་ཞུགས་གཞན་སྒྱུར་ཐུབ་ནས་ལོ་འཁོར་དམིགས་ཚད་ཀྱི་100.7%ལེགས་གྲུབ་ཟིན་པ་དང་། ངལ་རྩོལ་ཡོང་འབབ་སྒོར་དུང་ཕྱུར་45.4བྱུང་ནས་ལོ་འཁོར་དམིགས་ཚད་ཀྱི་108.1%ལེགས་གྲུབ་ཟིན་ཡོད། ལྗོངས་ཡོངས་སུ་གྲོང་ཁྱེར་དང་ས་ཁུལ་ལས་བསྒྲལ་ནས་ལས་ཞུགས་གཞན་སྒྱུར་ཐུབ་པའི་མི་77289ཟིན་ནས་ལོ་འཁོར་དམིགས་ཚད་ཀྱི་140.5%ལེགས་གྲུབ་ཟིན་པ་དང་། མི་5546ལྗོངས་ཕྱིར་ལས་ཞུགས་གཞན་སྒྱུར་ཐུབ་ནས་ལོ་འཁོར་དམིགས་ཚད་ཀྱི་110.9%ལེགས་གྲུབ་ཟིན་ཡོད།

སློབ་གསོ་ནི་དམངས་འཚོའི་འདུ་འགོད་ཆེ་ཤོས་ཤིག་ཡིན་ལ། བོད་ཀྱིས་དམངས་འཚོ་ལེགས་བཅོས་ལ་དམིགས་པའི་དོ་ཁུར་བྱ་ཡུལ་གྱི་གྲས་ཤིག་ཀྱང་ཡིན་ཞིང། 2020ལོར་བོད་ཀྱིས་སློབ་གསོའི་བྱ་གཞག་ལ་གྲོན་དངུལ་སྒོར་དུང་ཕྱུར་212.4བཀོད་སྒྲིག་བྱས་པ་དེ་དུས་མཚུངས་ལས་10.7%འཕར་ཡོད། དེའི་ནང་སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་གྱི་ཚད་གཞི་སླར་ཡང་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་4200བར་མཐོ་རུ་བཏང་བ་དང་། མཐོ་སློབ་སློབ་མའི་མ་དངུལ་རོགས་སྐྱོར་དང་གཞི་རིམ་ལས་ཞུགས་ཀྱི་ཁ་གསབ་དང་། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གི་མཐོ་རིམ་སློབ་གསོ་རིན་མེད་བཅས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཡོད། 2020ལོར་ད་དུང་ཆེད་དངུལ་སྒོར་དུང་ཕྱུར་11.4བཀོད་སྒྲིག་བྱས་ཏེ། ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་བསྟར་བྱས་པ་དང་འབྲེལ། འོས་འགན་སློབ་གསོ་ཞན་ཙམ་ཡོད་པའི་ལྷུ་ཚིགས་སྒྱུར་བཅོས་དང་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ་རེད།

“ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་། ཡངས་པ་ཅན་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་རྗེས། གྲོང་གསེབ་ཏུ་སྐྱོད་པའམ་ཡང་ན་གྲོང་ཁྱེར་དུ་སྐྱོར་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད”ཅེས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་ཡུལ་མི་ཉི་མ་དབང་འདུས་ཀྱིས་དགའ་ཚོར་ཆེན་པོས་བརྗོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས། འགྲིམ་འགྲུལ་དང་། ནུས་རྒྱུ། ཆ་འཕྲིན། ཆུ་བེད་སོགས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་ཐེབས་ཏེ། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་སྐྲུན་མཇུག་འགྲིལ་ལ་ཉེ་བ་དང་། གཡག་རྔ་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་སྐྲུན་འགོ་ཚུགས་པ། མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ་སྐྲུན་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ། ལ་ལྷོ་ཆུ་བེད་ལྟེ་བའི་ཕུག་ལམ་ཧྲིལ་པོ་ཏལ་འབིགས་ཐུབ་ཡོད་པ་རེད།

དམངས་འཚོ་ནི་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་། མི་སེམས་ནི་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དེ་ཡིན་ཞིང་། ལོ་རེ་བཞིན་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། དམངས་འཚོའི་སྲིད་ཇུས་རབ་དང་རིམ་པ་བཏོན་ལ། དེ་ནི“མི་རིགས་ཁག་གི་མང་ཚོགས་ཚོས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཡག་པའི་ངང་མཉམ་སྤྱོད་ཐུབ་པའི”དམ་བཅའ་དོན་དངོས་སུ་འགྱུར་ཆེད་ཡིན་པ་རེད།

“གློག་སྤྱོད་ཐུབ་པ”ནས“གློག་ཡག་པོ་སྤྱོད་ཐུབ་པ”དང་། ཆུ་དབོར་བ་དང་སྒལ་པར་འཁུར་བ་ནས་དྭངས་ཤིང་གཙང་བའི་ཆུ་ཀ་ལ་སྤྱོད་པ། འདམ་རྡོས་ཁེངས་པའི་ལམ་གུ་དོག་པོ་ནས་རྒྱ་ཆེ་བའི་ས་མཐོའི་ལམ་དུ་གྱུར་པ་སོགས་ཕྱོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། འགོ་འཛུགས་ས་གསར་པར་བོད་ལྗོངས་ཀྱིས་དེ་བས་སྒོ་དབྱེ་དང་དེ་བས་གསོན་ཤུགས་ཀྱིས་ཁེངས་པའི་ཉམས་འགྱུར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད།

(པ་ཚེ་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)