《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月07日

ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

ཆེ་དགྲ་ལྷ་དང་ཀྲོང་ཡན་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ལྷ་སར་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གནང་བ་དང་ཆེད་དོན་ཚོགས་ཆུང་ཁག་གི་ལས་དོན་སྙན་སེང་གསན་པ། ཞིབ་ཕྲའི་དོན་ཚན་ལ་ཞིབ་འཇུག་གནང་བ། དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་བཅས་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཅང་ཅེ། ཧོ་ཝུན་ཧའོ། ལིའུ་ཅང་། ཝང་ཝེ་ཏུང་། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་པ་རེད།

ཝུའུ་དབྱིང་ཅེས། 2020ལོའི་ལྗོངས་ཡོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་བ་དང་དེང་སྐབས་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལྷག་པའི་ཞན་ཆར་དབྱེ་ཞིབ་གནང་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད། ཝུའུ་དབྱིང་ཅེས་བསྟན་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་དང་འགོ་འཛུགས་ས་དང་དོན་ལ་བབས་ས་ཁོང་དུ་བརྟན་པོ་ཆུད་པ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བརྟན་པོ་ཡོང་བ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དུས་བབ་དང་གནད་དོན་ལ་གཞིགས་ནས་སྒྱུར་བཅོས་བྱེད་པ། ཇི་ཙམ་སྒྱུར་བཅོས་བྱས་པ་དེ་ཙམ་གྱིས་ལེགས་སུ་འགྲོ་བ་དང་དེ་ཙམ་གྱིས་མང་ཚོགས་ལ་ཕན་པ་ཐོབ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱེད་པ་དང“དོན་ཆེན་བཞི”ཡག་པོ་སྒྲུབ་རྒྱུ་གཙོ་གནད་དུ་བྱེད་པ། “འགན་ལེན་བཞི”མངོན་འགྱུར་བྱ་རྒྱུ་དམིགས་ཚད་དུ་བྱེད་པ། དུས་རབས་གསར་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་བློ་བརྟན་འགྱུར་མེད་ངང་དམ་འཛིན་ཡག་པོ་བྱེད་པ། བོད་ཀྱི་བྱ་གཞག་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཐོག བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སྟངས་འཛིན་ཡང་དག་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པ་བཅས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་རྒྱུན་མཐུད་དང་གཏིང་ཟབ་སྤེལ་བ་དང་། གནས་ཚུལ་སྔར་བས་མཐིལ་རྟོགས་བྱེད་པ། བྱ་བ་གང་ཞིག་བྱེད་དགོས་པ་དང་། གང་ཞིག་བྱེད་ཐུབ་པ། དུས་ཡུན་རིང་པོ་གང་ཞིག་བྱེད་དགོས་པ་བཅས་གསེད་བཀྲོལ་ཡག་པོ་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་སྒྱུར་བཅོས་ལས་དོན་ཁག་ཇུས་འགོད་དང་སྐུལ་འདེད་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་ལས་དོན་ཁག་ཁྲོད་ཐག་གཅོད་བྱེད་དགོས་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགལ་རྐྱེན་ཁག་ཧུར་ཐག་སེལ་བ། སྒྱུར་བཅོས་ཀྱི་འཐབ་ཇུས་རང་བཞིན་དང་། སྔ་བསམ་ཕྱི་བལྟས་རང་བཞིན། དམིགས་སའི་རང་བཞིན་བཅས་སྔར་བས་ཤུགས་ཆེར་གཏོང་བ་བཅས་བྱས་ཐོག སྒྱུར་བཅོས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་གཏད་ཕྱོགས་བཅས་དང་འབྲེལ་མཐུད་དེ་བས་ལེགས་པ་ཐུབ་པ་བྱས་ནས་སྒྱུར་བཅོས་དང་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་དང་མཉམ་འགུལ་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། “དཀྲིས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་སྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་ཀྱིས་ས་ཞིང་རྩྭ་ར་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། ཁེ་ལས་ཀྱི་སྒྱུར་བཅོས་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱ་བསྐྱེད་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་དང་སྲ་བརྟན་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་མང་ཚོགས་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་ཏན་ཏིག་ཚོར་བ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དོ་ཟླ་བྲལ་བའི་དྲོ་སྐྱིད་ཚོར་བ་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སྔར་བས་ཆེ་རུ་བཏང་ཐོག་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་དར་ཆ་གསལ་སྟོན་གྱི་སྒོ་ནས་བསལ་བ་དང་། མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་ཁྲིད་སྟོན་གྱིས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་སེམས་ནུས་གཙོ་བོ་སྤྱོད་དགོས། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏོང་བའི་སྤྱོད་གོ་ཆོད་པའི་བསམ་ཕྱོགས་དང་བྱེད་ཐབས་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་ཧུར་ཐག་བཏང་སྟེ་གྲུབ་འབྲས་ཁག་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་བཏང་ནས་ལག་ལེན་གྱི་གྲུབ་འབྲས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་གྲུབ་འབྲས་སུ་འགྱུར་བ་བྱས་ཏེ་སྒྱུར་བཅོས་བྱ་གཞག་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ཟམ་མི་ཆད་པར་མདུན་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་ཤུགས་སྣོན་བརྒྱབ་སྟེ། “ཆབ་སྲིད་ཀྱི་ཚད་གཞི་སྔར་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་སྔར་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ལམ་སྔར་བས་བཙན་པ”བཅས་ཀྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་ཐོག སྲིད་གཙང་སློབ་གསོ་དང་ཉེན་བརྡའི་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྔར་བས་གཏོད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲས་ཏེ། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་། འཚོལ་ཞིབ་དང་སྒྱུར་བཅོས་བྱེད་ཕོད་པ་བྱས་ནས་བསམ་བློའི་གོམས་གཤིས་ངན་པ་མཐའ་གཅིག་ཏུ་བསལ་ཏེ་གསར་གཏོད་རང་བཞིན་གྱིས་ལས་དོན་སྤེལ་དགོས་པ་ལས། ལུས་པོ་དུས་རབས་གསར་པར་སླེབས་ཀྱང་བསམ་བློ་རྗེས་ལུས་གཏན་ནས་ཐེབས་མི་རུང་།

(སྒྱུར་ཞུས་པ་བསོད་ནམས་བདེ་སྐྱིད་དང་དབང་སྒྲོལ་སྐྱིད)