《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

ལྷོ་རོང་རྫོང་དམར་རི་གྲོང་རྡལ་སྤུ་ཤོད་གྲོང་ཚོའི་ཚེ་དཔག་སྒྲོལ་མས།

རྩལ་ནུས་གསར་པར་བརྟེན་ནས་བདེ་སྐྱིད་འཚོ་བའི་ཕྱོགས་སུ་སྐྱོད་པ།

“སྦྱིན་བདག་ལགས། ཚགས་ཤའི་བཀབ་འབྲས་གཅིག”ཞེས་གྲང་ངར་ཆེ་བའི་དགུན་དུས་སུ་ལྷོ་རོང་རྫོང་དམར་རི་གྲོང་རྡལ་སྤུ་ཤོད་གྲོང་ཚོར་བྱང་རླུང་ལྷག་པར་ལྡང་བས་ཚེ་དཔག་ཟ་ཁང་ནང་སྐུ་མགྲོན་འཛུལ་ཏེ་མགྱོགས་མྱུར་ཁ་ལག་བདམས།

“ལགས་སོ། ལམ་སེང་ཡིན”ཞེས་སྦྱིན་བདག་ཚེ་དཔག་སྒྲོལ་མས་སེམས་རྩ་འཁོལ་པོས་སྐུ་མགྲོན་ལ་བརྗོད་ཀྱིན་ལམ་སེང་མེ་གཏོང་བ་དང་། ཤ་གཏུབ་པ། འབྲས་བཙོ་བ་སོགས་བྱས། དུས་ཚོད་རིང་པོ་མ་འགོར་བར་ཚ་སོབ་སོབ་ཀྱི་ཚགས་ཤའི་བཀབ་འབྲས་ཤིག་སྐུ་མགྲོན་གྱི་མདུན་དུ་བསྐྱལ།

ཟ་ཁང་དེའི་ཁ་ལག་གི་བྲོ་བ་ཞིམ་ལ་མང་ཉུང་དང་གོང་ཚད་འཚམ་པས་ཁ་ལག་ཟ་མཁན་རྫོགས་རྒྱུ་མེད། ཚེ་དཔག་སྒྲོལ་མ་གཅིག་པུས་བྲེལ་བ་འཚུབ་འཚུབ་བྱེད་དགོས་རུང་དཀའ་ལས་ཁག་ལུགས་གཏན་ནས་བརྗོད་ཀྱི་མེད། ཚེ་དཔག་སྒྲོལ་མས་དགའ་ཚོར་ཆེན་པོའི་ངང“རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་ནི་བདེ་སྐྱིད་ཀྱི་བྱ་བ་ཞིག་ཡིན་པས་སླད་ཕྱིན་འཚོ་བ་དེ་བས་ཡག་ཏུ་འགྲོ་ངེས་རེད”ཅེས་བཤད།

དེ་སྔ་ཚེ་དཔག་སྒྲོལ་མ་ནི“མ་མཐའི་འཚོ་བ་འགན་ལེན་དུད་ཚང”དང“ཡ་ཆགས་ཁྱིམ་ཚང་གི་ཨ་མ”ཞིག་ཡིན་པ་རེད། ཕྲུ་གུ་གཉིས་སློབ་གྲྭར་གཏོང་ཆེད་ཁོང་གིས་ཟ་མཁས་འཐུང་མཁས་ཀྱིས་ཟ་ཁང་གི་ཞབས་ཞུ་མ་བྱེད་མྱོང་ལ་ཨར་ལས་བྱ་ཡུལ་དུ་ལས་ཀ་ཙག་ཙིག་ཀྱང་བྱེད་མྱོང་ཡོད། ཚེ་དཔག་སྒྲོལ་མས“སྐབས་དེ་དུས་ང་རང་སྦྱིན་བདག་ཞིག་ཏུ་གྱུར་ནས་ཡོང་འབབ་གསོག་ཐུབ་ཀྱི་རེད་སྙམ་མྱོང་མེད། ད་ཆ་གང་ཅིའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་རྫོང་ཨུད་དང་རྫོང་སྲིད་གཞུང་དང་དེ་བཞིན་གྲོང་ཚོའི་ལས་བྱེད་པ་ཚོའི་རོགས་རམ་དང་ཁ་འབྲལ་ཐབས་མེད”ཅེས་གསར་འགོད་པར་བཤད།(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) 2017ལོའི་ཟླ་6པར་ལྷོ་རོང་རྫོང་གིས་ལས་ཞུགས་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་གཉེར་བ་དང་། རྫོང་གི་དབུལ་སྐྱོར་ལས་བྱེད་པས་འཕྲལ་མར་ཚེ་དཔག་སྒྲོལ་མ་བཙལ་ཏེ་རྩལ་ནུས་སྦྱངས་ནས་ལས་ཞུགས་གཞན་སྒྱུར་ཐུབ་པར་བྱ་རྒྱུའི་ལྕག་སྐུལ་བྱས།

གསོ་སྦྱོང་རིང་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་2017ལོའི་ཟླ་8པར་ཚེ་དཔག་སྒྲོལ་མས་བཙུགས་པའི“ཚེ་དཔག་ཟ་ཁང”དེ་སྤུ་ཤོད་གྲོང་ཚོའི་སྤུ་ཤོད་རོང་ཤུར་དུ་སྒོ་ཕྱེས། སྤུ་ཤོད་གྲོང་ཚོ་ནི་ཆབ་མདོ་གྲོང་ཁུལ་ནས་ལྷོ་རོང་རྫོང་གྲོང་དུ་སྐྱོད་སའི་གྲོང་ཚོ་དང་པོ་དེ་ཡིན་ལ་རྫོང་དེའི་དབྱར་རྩྭ་དགུན་འབུ་འཐུ་ཡུལ་ཞིག་ཀྱང་ཡིན་པ་རེད། གྲོང་ཚོ་དེ་ནི་རྒྱལ་ལམ་349ཡི་ལམ་འགྲམ་དུ་གནས་པ་དང་ཟ་ཁང་སྒོ་ཕྱེ་སྐབས་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་དང་ཏག་ཏག་འཁེལ་བ་དང་མི་སྣ་འགྲོ་འོང་བྱེད་མཁན་མང་བས་ལས་ལ་བརྩོན་པའི་ཚེ་དཔག་སྒྲོལ་མས“ཡོང་འབབ་དང་པོ”བསགས།

2018ལོར་ཚེ་དཔག་ཟ་ཁང་ལ་ཁེ་གཙང་སྒོར་ཁྲི་5ལྷག་ཙམ་བྱུང་བ་དང་2019ལོའི་ཟླ་12པ་ཁོ་ནར་ཚེ་དཔག་སྒྲོལ་མར་ཁེ་གཙང་སྒོར་ཁྲི་1.5བྱུང་བའི་ཁར་ནགས་སྲུང་ལས་གནས་ཀྱི་ཁ་གསབ་ཡོད་པས་ཁོང་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་ཕྱིན།

ད་ཆ་ཚེ་དཔག་སྒྲོལ་མའི་བུ་མོ་འཆི་མེད་བཟང་མོ་གྲོང་གསེབ་དར་རྒྱས་ཀྱི་ཆེད་དམིགས་ལས་བྱེད་པར་ཡིག་རྒྱུགས་འཕྲོད་པས་རྟག་ཏུ་བུ་མོར་ཏང་དང་སྲིད་གཞུང་གི་བཀའ་དྲིན་མ་བརྗེད་པ་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད། ཚེ་དཔག་སྒྲོལ་མའི་བུ་ད་ལྟ་སློབ་འབྲིང་འགྲིམ་བཞིན་ཡོད་པ་དང་རྒྱལ་ཁབ་ཀྱི“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་སློབ་ཡོན་ལ་སེམས་ཁྲལ་གང་ཡང་མེད། འབྱུང་འགྱུར་གྱི་འཚོ་བའི་སྐོར་གླེང་སྐབས“ཏང་གི་སྲིད་ཇུས་བཟང་པོ་དང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡག་པོ་ཡོད་པས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཚེ་འཚོ་བ་ཇེ་ལེགས་ཇེ་བཟང་དུ་འགྲོ་ངེས་རེད”ཅེས་ཚེ་དཔག་སྒྲོལ་མས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)