《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

—— རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཝུའུ་ཝུའེ་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། ནགས་ལས་ནི་སྣོད་བཅུད་འཛུགས་སྐྱོང་བྱེད་པའི་གཡུལ་ས་གཙོ་བོ་ཞིག་ཡིན་སྟབས། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཤིང་འཛུགས་ནགས་བཟོ་བྱ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་དུ་འགྱུར་རྒྱུ་རྒྱུན་ཆད་མེད་པར་ཡོང་བ་བྱེད་པའི་ཁར། ཚན་རིག་དང་མཐུན་པའི་ངང་དུས་རབས་གསར་པའི་ནགས་ལས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་སྣོད་བཅུད་ནགས་ཚལ་དང་དམངས་འཚོའི་ནགས་ལས་ཀྱི་གཙོ་རྐང་གཉིས་ལ་དམིགས་ནས་ནགས་ཚལ་དང་། འདམ་ར། ཐང་རྒོད་བཅས་ཀྱི་རྩི་ཤིང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནན་པོ་དང་ཉམས་པ་སོར་ཆུད་བྱས་ཏེ། ནགས་ཚལ་དང་རྩྭ་རའི་གཙོ་གནད་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ནགས་ལས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་202ཙམ་གནས་སར་འབྱོར་ཏེ། རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་དུ་གྱུར་པའི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་བཏང་ནས་ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱས་པས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གཙོ་བོ་བརྟན་དུ་ཕྱིན་ཞིང་། ད་བར་རང་ལྗོངས་ཀྱིས་ནགས་བཟོ་སྔོ་འགྱུར་གྱི་ལས་འགན་མུའུ་ཁྲི་624.05ལེགས་སྒྲུབ་བྱས་ཏེ། “གྲོང་ཚོ་ཚང་མར་སྐྱེ་ཤིང”དང“དུད་ཚང་ཚང་མར་སྐྱེ་ཤིང”ཡོད་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་ཐུབ་སྟེ་ཕྱོགས་ཡོངས་ལ་སྔོ་ཁེབས་ཁྱབ་ཚད་46.71%ཟིན་ཡོད།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་སྤྱི་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་སྟབས། འགོ་འཛུགས་ས་གསར་པར་ལངས་ནས་འབྱུང་འགྱུར་གསར་པར་ཕྱོགས་འགོ་ཚུགས་ཤིང་། བོད་འདི་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་། ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ནི་རང་ལྗོངས་སུ་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་དུ་གྱུར་པའི་ལས་དོན་གྱི“སྣེ་འཁྲིད་མཁན”ཞིག་ཡིན་པའི་ངོས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱ་རྒྱུའི་ཐད་ལ་ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཝུའུ་ཝུའེ་ལ་ཆེད་དོན་བཅར་འདྲི་བྱས་པ་ཡིན།

ཝུའུ་ཝུའེ་ཡིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཆར་འགོད་ཀྱི་དུས་འབྲིང་གི་ལེགས་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་སྔོ་འགྱུར་ནགས་བཟོའི་ལས་དོན་རྒྱལ་ཁབ་ཀྱི་དུས་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་ནང་བཅུག་སྟེ་ནགས་ཚལ་དང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་དང་ནགས་ཚལ་དང་རྩྭ་ཐང་སྲིད་ཇུས་གལ་ཆེན་དོན་འཁྱོལ་དང་བརྩོན་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མ་ཟད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནགས་ཚལ་ཁེབས་ཚད་12.45%ཡན་བར་མཐོ་རུ་དང་ནགས་ཚལ་རྒྱུན་འཁྱོངས་ཐུབ་ཚད་སྤྱི་ཆིང་ཁྲི་1746ལ་བརྟན་པོའི་ངང་གནས་པ་བྱ་རྒྱུ་ཡིན་ཞེས་བཤད།

ཝུའུ་ཝུའེ་ཡིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་གོམ་སྟབས་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གཙོ་བོ་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།

“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་སྔོ་འགྱུར་ནགས་བཟོའི་ལས་གྲྭ་དང་། གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་གྱི་ནགས་ཚལ་འཛུགས་སྐྲུན། ལྷ་ས་གྲོང་ཁྱེར་དང་ཉེ་འཁོར་ས་ཁུལ་གྱི་སྔོ་འགྱུར་ནགས་བཟོའི་ལས་གྲྭ་བཅས་ལག་བསྟར་བྱེད་པར་བརྟེན་ནས་འགོག་སྲུང་ནགས་ཚལ་གྱི་མ་ལག་གསར་པ་བསྐྲུན་པའི་གཞི་ཁྱོན་ཆེ་རུ་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་གོམ་སྟབས་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ནགས་ཚལ་གྱི་གྲོང་ཁྱེར་དང་། སྐྱེད་ཚལ་གྱི་གྲོང་ཁྱེར། སྔོ་ལྗང་ཅན་གྱི་དཔེ་སྟོན་གྲོང་ཁྱེར་བཅས་བསྐྲུན་རྒྱུ་གཞི་རྟེན་དུ་བྱས་ནས་རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར་དང་ནགས་ཚལ་གྲོང་ཁྱེར་ཚོམ་བུ་མགྱོགས་པོ་བསྐྲུན་ནས་གྲོང་གསེབ་སྔོ་འགྱུར་དང་མཛེས་སུ་གཏོང་བའི་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་སྔོ་འགྱུར་དུ་སྤྱོད་པའི་ས་ཆ་འགན་ལེན་ཏན་ཏིག་ཡོང་བ་བྱ་རྒྱུ་ཡིན།

ནགས་ཚལ་དང་རྩྭ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་འཚོལ་ཞིབ་ཧུར་ཐག་བྱས་ནས་གཙོ་གནད་ས་ཁུལ་གྱི་བྱེ་འགོག་བྱེ་བཅོས་ལས་དོན་ལ་ཤུགས་སྣོན་དང་རྩྭ་ཐང་ཉམས་གསོའི་ལས་དོན་ལ་ཤུགས་སྣོན་ཁར་ལྕགས་དྲ་བསྐོར་ནས་གསོ་བ་དང་། རྩྭ་ར་ཉམས་པ་གསབ་འདེབས། ཕྱུགས་བཀག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སོན་བཟང་དང་ས་སྐྱེས་ཀྱི་ཤིང་སོན་རྒྱ་ཁྱབ་ངང་བདམས་ནས་སྔོན་མའི་རྨང་གཞིའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བྱེ་འགོག་བྱེ་བཅོས་ཀྱི་ནང་དོན་གསར་དུ་བསྣན་རྒྱུ་བརྩོན་ལེན་བྱ་རྒྱུ་དང་། ལྷ་སའི་ཉེ་འཁོར་དང་། ལྷོ་ཁའི་ཡར་ཀླུང་གཙང་པོའི་བྱང་རྒྱུད། སེང་གེ་ཁ་འབབ་གྲོང་རྡལ་བཅས་ཀྱི་བྱེ་རླུང་གི་གནོད་འཚེའི་གནད་དོན་དམིགས་སུ་ཐག་གཅོད་བྱས་ཏེ་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་རྩྭ་ཐང་ཉམས་ཞན་དུ་འགྲོ་བ་སླར་གསོ་བཅོས་སྒྲིག་གི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་རྒྱུ་ཡིན།

རང་བྱུང་ནགས་ཚལ་ཚོང་གཉེར་ཐད་སྤྱོད་རྒྱུ་གཏན་འགོག་བྱ་རྒྱུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རང་བྱུང་གི་སྡོང་ཐུང་ནགས་ཚལ་གཅོད་མི་ཆོག་པའི་ལམ་ལུགས་དང་ཤིང་གཅོད་པའི་སྲིད་འཛིན་ཆོག་འཐུས་ལམ་ལུགས་བཟོ་རྒྱུ་ཡིན། རྒྱལ་ཁབ་ཀྱིས་གཏན་ལ་འཁེལ་བའི་དབང་ཆའི་ཁྱབ་ཁོངས་ལ་གཞིགས་ནས་རྩྭའི་ཐོན་ཁུངས་བེད་སྤྱོད་ཀྱི་ཞིབ་མཆན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་འདམ་ར་གཙོ་བོ། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་། རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་བཅས་སུ་སྲིད་ཇུས་དང་འཚམ་རིགས་ཀྱི་འདམ་རར་དམར་ཐིག་དོ་དམ་བྱ་རྒྱུ་ཡིན།

ནགས་ཚལ་དང་རྩྭ་ཐང་གི་ལམ་ལུགས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ནགས་དཔོན་དང་རྩྭ་དཔོན་གྱི་ལམ་ལུགས་ལ་སྐུལ་འདེད་མགྱོགས་སུ་དང་། གཞུང་ལ་དབང་བའི་ནགས་ཚལ་ཐོན་ཁུངས་ཀྱི་དམིགས་བསལ་ཕྱོགས་བསྡུས་གཉེར་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་འཚོལ་ཞིབ་བྱས་ནས་ནགས་གསོ་དང་། རྩྭ་འདེབས། ཤིང་སོན་འདེབས་པའི་ལས་རིགས་དང་། ནགས་ཁྲོད་དཔལ་འབྱོར་གྱི་སྣོད་བཅུད་ཡུལ་སྐོར། ཁྱད་ལྡན་ནགས་ལས་ཐོན་ཟོག་ལས་སྣོན་ལས་རིགས་བཅས་འཕེལ་རྒྱས་གཏོང་རྒྱུ་ཡིན། བདག་དབང་དང་། དུད་ཚང་ལ་འགན་གཙང་སྤྲོད་པའི་བྱེད་པོའི་སྒྱུར་བཅོས་ཀྱི་ལས་འགན་ཁ་གསལ་བཟོ་རྒྱུ་སྤྱིར་ན་ལེགས་སྒྲུབ་ཁར། ནགས་ར་གསར་པའི་བདག་དབང་མི་འགྱུར་བ་མཐའ་འཁྱོངས་ཀྱི་སྔོན་འགྲོའི་འོག ཞིང་འབྲོག་པའི་འདོད་མོས་ལ་བརྩི་སྲུང་གང་ལེགས་དང་ཁྱིམ་ཚང་གིས་འགན་གཙང་ལེན་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མིས་བཟོས་ནགས་ར་ཁྱིམ་ཚང་གིས་འགན་གཙང་གཉེར་སྐྱོང་བྱེད་པའི་དབང་ཆ་དུད་ཚང་ལ་སྤྲོད་རྒྱུ་ཡིན་པ་བཅས་རེད།

(པ་སངས་ཚེ་རིང་གིས་བསྒྱུར། པ་ཚེ་དང་བསོད་བདེ་གཞོན་པས་ཞུས)