《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月05日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་3ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཞིབ་འཇུག་བྱེད་པ་དང་། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཕྱིར་ཚོང་གློག་རིན་འོས་འཚམ་གཅོག་པ་སོགས་ཀྱི་གནས་ཚུལ་གསན་པ་རེད།

ཚོགས་འདུའི་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིག་དངོས་མེ་ཟོན་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་དངོས་ལས་དོན་དང་ལྷག་དོན་དུ་རིག་དངོས་བདེ་འཇགས་ལ་ཤུགས་སྣོན་རྒྱག་པའི་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རིག་དངོས་སྲུང་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ། ཡུལ་སྐོར་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་གང་ལེགས་བྱེད་པ་དང་། རིག་དངོས་མེ་ཟོན་གྱི་བདེ་འཇགས་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། རིག་དངོས་སྲུང་སྐྱོབ་དྲིལ་བསྒྲགས་བྱེད་ཤུགས་དང་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འདུས་པའི་རིག་དངོས་སྲུང་སྐྱོང་ཡག་པོ་དང་དོ་དམ་ཡག་པོ་བྱེད་པ། རིག་དངོས་འགྲེམས་སྟོན་དང་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་ཐོག་ནས་རྩ་ཆེའི་རིག་དངོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཡག་པོ་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བོད་ཀྱི་ལས་དོན་གྱི་ཕྱོགས་མཚམས་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་འདིར་དམ་པོ་དམིགས་པ། སློབ་གསོ་འཕེལ་རྒྱས་ཀྱི་ཞན་ཆ་སེལ་བ། སློབ་གསོ་སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་གཏོང་བ། དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྤུས་ལེགས་ལས་རིགས་ལག་རྩལ་སློབ་གསོ་མཁོ་འདོན་བྱེད་མང་དུ་གཏོང་བ། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྲུན་བྱེད་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བཅས་བྱས་ནས། དུས་རབས་གསར་པར་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཁུར་པོ་ཡང་གཏོང་ལས་དོན་སྔར་བས་ལེགས་པར་བསྒྲུབས་ནས། དགེ་རྒན་གྱི་ཚད་ཡོད་དུས་ཚོད་དང་སེམས་ནུས་རྩལ་ནུས་ཆེར་གཏོང་དང་ཆུ་ཚད་མཐོར་གཏོང་ཐད་བཞག་སྟེ། དཔེ་ཁྲིད་མི་སྐྱོང་གི་ལས་ཀར་ཞབས་འདེགས་དེ་བས་ལེགས་པར་ཞུ་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཀྱི་ཁྲལ་རིན་གཉིས་གཅོག་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། གློག་རིན་གྱི་འགལ་ཟླ་དུས་ཐོག་ཏུ་སེལ་བ་དང་། གློག་རིན་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་གློག་སྤྱོད་མ་གནས་དམའ་རུ་གཏོང་བ། སྲིད་གཞུང་གིས་ཟ་མཁས་འཐུང་མཁས་བྱེད་པར་བརྟེན་ནས་ཁྲལ་རིན་གཉིས་གཅོག་དམིགས་སར་འབྱོར་བ་བཅས་བྱས་ནས་ཁེ་ལས་དང་མི་དམངས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་ཚོར་བ་བྱེད་དགོས། ནུས་རྒྱུ་གཙང་མ་གསར་སྤེལ་མགྱོགས་སུ་གཏོང་རྒྱུ་དེ་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བའི་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་རྒྱ་སྟོབས་དང་། སྤུས་ལེགས། སྟོབས་ཆེན་བཅས་ཡོང་བར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། སྲིད་ཇུས་དྲིལ་བསྒྲགས་དང་སྟོབས་ཤུགས་ཆེ་རུ་བཏང་ནས། ཁེ་ལས་དང་མང་ཚོགས་ལ་གཟིགས་སྐྱོང་སྲིད་ཇུས་ཁག་བེད་སྤྱོད་གང་ལེགས་ཡོང་བར་རོགས་རམ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག སྔོན་གཏོད་ལེགས་བརྩོན་དང་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་བྱེད་སྒོ་སྤེལ་ཚུན། རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པའི་གྲོང་སྡོད་བྱེད་སྒོ་ཁག་ཐེངས་དགུ་སྤེལ་ནས། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ཆེད་ནུས་པ་གལ་ཆེན་བཏོན་ཡོད། རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་མུ་མཐུད་འགན་འཁྲི་འཁུར་སེམས་ཆེ་བ་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། གཞི་རིམ་དུ་རྩ་བ་ཚུགས་པ་དང་། ལས་གནས་བརྟན་པོ་སྲུང་བ། འགན་འཁྲི་གཙང་མ་སྒྲུབ་པ་བཅས་བྱས་ཏེ་དུས་རབས་གསར་པར་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བསྟན་པ་རེད།

ད་དུང་ཚོགས་འདུའི་ཐོག་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། 2020ལོའི་ལོ་མཇུག་གི་མཇུག་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་ཀྱི་འདུ་ཤེས་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས། སྒྲིག་ལམ་གྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། འབད་འབུངས་ཧུར་ལེན་དང་ནམ་ཡང་མཚམས་མི་འཇོག་པའི་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་མཇུག་བསྡུའི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོ་བསུ་དགོས་པའི་ནན་བཤད་བྱས་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)