《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月04日

རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ལྔས་མཉམ་དུ་G219གཞུང་ལམ་གྱི“ཆེས་མཛེས་སྡུག་ལྡན་པའི”ཡུལ་ལྗོངས་ལམ་ཐིག་བཏོད་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། ཀྲུང་གོའི་G219བོད་ལྗོངས་དུམ་བུའི་ཡུལ་སྐོར་ཁྱབ་གདལ་དང“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་སྲིད་ཇུས་ཡོངས་བསྒྲགས་བྱེད་སྒོ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་དང་། ལྷོ་ཁ་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་ཐུན་མོང་ཐོག“ཀྲུང་གོའིG219བོད་ལྗོངས་དུམ་བུའི་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ”བཙུགས་ནས་ས་ཁུལ་དང་གྲོང་ཁྱེར་5ཡི་ཡུལ་སྐོར་འཕེལ་རྒྱས་ཆེད་ཐུན་མོང་གི་སྲིད་ཇུས་རྨང་གཞི་དང་། དྲིལ་བསྒྲགས་རྨང་གཞི། ཞབས་ཞུའི་རྨང་གཞི་བཅས་ལྡན་པའི་ལས་སྟེགས་གསར་པ་གཏོད་རྒྱུར་གཞོལ་ཡོད།

G219བོད་ལྗོངས་དུམ་བུ་མངའ་རིས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་བརྒྱུད་ནས་བོད་ཀྱི་འབྲེལ་ཡོད་ས་ཁུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས“མུ་ཏིག་ཕྲེང་བ”ལྟར་གཅིག་ཏུ་འདུས་པས། ཡུལ་སྐོར་བས་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་མི་ཆོས་ཀྱི་མཛེས་ལྗོངས་མཉམ་དུ་མྱོང་རོལ་བྱེད་ཐུབ་ཀྱི་ཡོད།

བོད་ཀྱི་ཡུལ་སྐོར་སླར་གསོའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས་ནང་དོན་ཕུན་སུམ་ཚོགས་པའི་2021ལོའི་ལོ་འཁོར་གྱི“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ནང་2021ལོའི་ཟླ་1ཚེས་1ཉིན་ནས་ཟླ་3ཚེས་15ཉིན་བར་དང་2021ལོའི་ཟླ་10ཚེས་15ཉིན་ནས་2021ལོའི་ཟླ་12ཚེས་31ཉིན་བར་གྱི་དུས་མཚམས་གཉིས་སུ་ཕྱེ་ཡོད། མཛེས་ལྗོངས་ཁུལ་ཁག་གཅིག་གི་སྒོ་འཛིན་གྱི་རིན་གོང་གཟིགས་སྐྱོང་དང་རྩ་ཆག་བཏང་བ་དང་། དུས་གཏན་གནམ་གྲུ་དང་གསོལ་མགྲོན་ཁང་གིས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་བསྟར་བྱེད་པ། ཡུལ་སྐོར་ལས་དོན་ཁང་གིས་དེ་མཚུངས་ཀྱི་ལྕག་སྐུལ་བྱེད་ཐབས་སྤྱད་པ་བཅས་ཕུད། ད་དུང་འཛད་སྤྱོད་པར་སྒོར་ཁྲི་3000རི་བའི་ཡུལ་སྐོར་དམངས་ཕན་གྱི་འཛད་སྤྱོད་སྤ་སེ་སྤྲད་པ་རེད།