《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月04日

ལོ་ཉི་ཤུའི་རིང་ལས་གནས་བརྟན་སྲུང་བྱས་པས་བཞོན་མ་གསོ་ཚགས་བྱེད་མཁན་ཚོའི་སྙིང་ཉེ་བར་གྱུར་པ།

—— རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཚེ་རིང་དོན་གྲུབ་ཀྱི་སྐོར་བཀོད་པ།

“དྲང་པོ་དྲང་གཞག་གི་མི་ཡག་པོ་ཞིག་བྱེད་པ་དང་། དོ་དོ་ནན་ནན་ངང་ལས་ཀ་ཡག་པོ་སྒྲུབ་པ། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བ”ནི་ཚེ་རིང་དོན་གྲུབ་ཀྱི་མི་ཚེའི་དམ་ཚིག་ཞིག་རེད།

ཚེ་རིང་དོན་གྲུབ་རྒྱུས་ཡོད་མཁན་ཚང་མས་ཁོང་ནི་སྐད་ཆ་མང་པོ་མེད་པར་ལས་ཀ་ཧུར་ཐག་བྱེད་མཁན་ཞིག་རེད་ཅེས་ཤོད་ཀྱི་ཡོད། དངོས་གནས་ཁོང་གིས་དེ་ལྟར་ལས་གནས་དཀྱུས་མ་ཞིག་གི་ཐོག་སྐད་གྲགས་མེད་པར་ལོ་20ཧུར་ཐག་འབད་ཐག་བྱས། ཁོང་གིས་མི་ཚེའི་དུས་ཚོད་ཡག་ཤོས་ཚང་མ་རང་ཉིད་ཀྱིས་དགའ་ཞེན་བྱེད་པའི་བྱ་གཞག་ལ་ཕུལ། ཁོང་གིས་གནས་གཅེས་ལས་བརྩོན་གྱིས་རང་འཁྲིའི་ལས་ཀ་དེ་རང་ཉིད་ཀྱི་ཚེ་སྲོག་ལྟ་བུར་བརྩིས་ནས། སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་བཏོད་ཡོད།

དམག་ཞབས་ཐིམ་པའི་ཚེ་རིང་དོན་གྲུབ་ཀྱིས་དུས་ཡུན་རིང་པོའི་ནང་འོ་མ་དང་འབྲེལ་བ་ཡོད་པའི་ལས་ཀ་བྱས། དང་ཐོག་འོ་མ་བསྡུ་མཁན་དང་ཕྱིས་སུ་འོ་མའི་ཐོན་ཁུངས་པུའི་ཅིང་ལི་བྱས་པའི་ལོ་20རིང་། ཁོང་གིས་ས་མཐོའི་ནོར་བུ་སྟེ་ཡུལ་དེ་གའི་འོ་མའི་སྤུས་རྟགས་འཕེལ་རྒྱས་ཀྱི་དཔང་པོ་བྱས་ཡོད། ཚེ་རིང་དོན་གྲུབ་ཀྱི་སྣེ་ཁྲིད་འོག སྡེ་ཚན་དེ་བསྟུད་མར་ལོ་ཁ་ཤས་རིང་ཀུང་སིའི“སྔོན་ཐོན་མཉམ་སྡེབ”ལ་བདམས་པ་དང་། རང་ཉིད་ཀྱང་2019ལོར“བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང་བ”དང་2020ལོར“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བར”བདམས་པ་རེད། ད་ཆ་ཁོང་ས་མཐོའི་ནོར་བུ་འབྲིའི་འོ་མའི་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིའི་འོ་མའི་ཐོན་ཁུངས་པུའི་ཅིང་ལི་ཡིན་ན་ཡང་། སྔར་བཞིན་འཐབ་ས་དང་པོར་བསྐྱོད་དེ་ཉིན་རེའི་འོ་མ་བསྡུ་བའི་གནས་ཚུལ་ལ་དངོས་སུ་ལྟ་བཤེར་བྱེད་ཀྱི་ཡོད་པ་རེད།

ལོ་མང་པོའི་རིང་། ཁོང་གིས་བཞོན་མ་གསོ་ཚགས་བྱེད་མཁན་དང་མཉམ་ལས་དམ་ཟབ་ཀྱིས་རོགས་སྐྱོར་རྣམ་གྲངས་དོན་འཁྱོལ་ཧུར་ཐག་བྱས་ནས། དུད་ཚང་དབུལ་པོའི་དཀའ་ངལ་དངོས་ཐག་གཅོད་བྱས་པ་དང་། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རོགས་བྱས་པ་རེད། 2003ལོར། ཀུང་སིས་ཆུ་ཤུར་རྫོང་ཚྭ་རགས་གྲོང་ཚོར་འོ་བསྡུ་ས་ཚིགས་བཙུགས་ཤིང་། ས་ཚིགས་དེ་བཙུགས་མ་ཐག་ཚང་མ་ཡིད་མ་ཆེས་པའམ་ཆ་རྒྱུས་མེད་པའི་རྐྱེན་གྱིས་འོ་མ་སྐྱེལ་མཁན་དུད་ཚང་2ལས་མེད་པ་རེད། ཚེ་རིང་དོན་གྲུབ་ཀྱིས་གནས་ཚུལ་ཤེས་རྟོགས་བྱས་རྗེས། དུད་ཚང་རེ་རེར་བསྐྱོད་དེ་བརྟག་ཞིབ་བྱས་པ་མ་ཟད། ད་དུང་ཁོང་ཚོའི་དོགས་པ་བསལ་པས། ད་ཆ་འོ་མ་སྐྱེལ་མཁན་དུད་ཚང་200ལྷག་ཙམ་ཟིན་ཡོད། མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་འཕར་བ་མ་ཟད་ཀུང་སིའི་འོ་མའི་ཐོན་ཁུངས་ཀྱང་མང་དུ་ཕྱིན་ཡོད་པ་རེད།

བོད་རིགས་ལས་བཟོ་པ་ཞིག་ཡིན་པའི་ཆ་ནས། ཞིང་འབྲོག་པ་དང་སྤེལ་རེས་བྱེད་བདེ་པོ་ཡོད་པས། ཁོང་གིས་ཀུང་སིའི་ཚབ་ཞུས་ཏེ་ས་གནས་དེ་གའི་ཞིང་འབྲོག་པ་དང་འོ་མ་སོས་པ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་སྟེ། འོ་མ་དཀོན་པའི་སྐབས་སུ་ཆ་སྙོམས་ཉིན་རེར་འོ་མ་ཏུན་10ཡན་དང་། འོ་མ་མང་བའི་སྐབས་སུ་ཆ་སྙོམས་ཉིན་རེར་འོ་མ་ཏུན་40ཡན་བསྡུ་རྒྱུ་བྱས། འོ་མ་ཉོ་སྒྲུབ་ཀྱི་གན་རྒྱ་བཞག་པ་ལས་ཞིང་འབྲོག་དུད་ཚང་2000ལྷག་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་ཐུབ་པ་མ་ཟད། ད་དུང་ཞིང་འབྲོག་པ་མང་དག་ཅིག་གི་ཡོང་འབབ་ཟླ་རེར་སྒོར་བརྒྱ་ཕྲག་ཁ་ཤས་ནས་སྒོར་ཆིག་སྟོང་བར་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཕྱིར་སྐྱོད་ཁག་པོ་ཡོད་པའི་ཞིང་འབྲོག་པ་ཚོར་དམིགས་ནས། ཚེ་རིང་དོན་གྲུབ་ཀྱིས་རང་འགུལ་ངང་ཀུང་སིའི་ལས་བཟོ་ཁྲིད་དེ་ཁོང་ཚོའི་ཁྱིམ་དུ་འོ་མ་བསྡུ་བར་འགྲོ་བ་མ་ཟད། ད་དུང་འཚོ་བར་དཀའ་ངལ་ཡོད་པའི་ཞིང་འབྲོག་པར་ཡིག་ཚགས་དང་གཱ་བཟོས་རྗེས་ལོ་རེའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་ཀུང་སིའི་ཚབ་ཞུས་ནས་དངོས་ཟོག་སྣ་ཚོགས་སྤྲད་དེ་འཚམས་འདྲི་ཞུས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཞིང་འབྲོག་པ་དབུལ་ཞྭ་ཕུད་དེ་ཕྱུག་འགྱུར་ལམ་དུ་སྐྱོད་རོགས་བྱས།

དམག་ཞབས་ཐིམ་པའི་དམག་མི་ཞིག་ཡིན་པའི་ཆ་ནས། ཚེ་རིང་དོན་གྲུབ་ཀྱིས“འབྲིའི་འོ་མའི་ཐོན་ལས་འཕེལ་རྒྱས་བཏང་ནས་བོད་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ”དེ་རང་ཉིད་ཀྱི་འབད་འཐབ་ཀྱི་དམིགས་ཚད་དུ་བརྩིས་ཐོག་ལམ་ཐག་རིང་པོར་མ་འཛེམས་པར་རྟག་ཏུ་ཀུང་སིའི་འོ་མའི་ཐོན་ཁུངས་པུའི་ལས་བཟོ་ཁྲིད་དེ་འབྲོག་ཁུལ་དུ་བསྐྱོད་ནས་འབྲིའི་འོ་མ་ཐོན་སྐྱེད་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཀུང་སིའི་འོ་མ་བསྡུ་བར་དཔྱད་གཞི་དང་པོ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། ཀུང་སིས་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་ཀྱི་རྫོང་དང་ཆུས་ཁག་གཅིག་ཏུ་འོ་བསྡུ་ས་ཚིགས་20ལྷག་འཛུགས་སྐབས་ཚེ་རིང་དོན་གྲུབ་ཀྱིས་གྲོས་འགོ་ནུས་ལྡན་བཏོན་ཏེ་ཀུང་སིའི་འོ་མའི་ཐོན་ཁུངས་ཀྱི་སྤུས་ཚད་འགན་ལེན་བྱས་པ་རེད།

ཚེ་རིང་དོན་གྲུབ་ཀྱིས“འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་ཞན་ཆ་ཆེ་ཤོས་ཀྱི་ཕན་འབྲས་ཡག་ཤོས་འདོན་སྤེལ་བྱེད་ཐུབ”ཅེས་རྟག་ཏུ་ཤོད་ཀྱི་ཡོད་།

དུས་རྒྱུན་གྱི་ལས་ཀའི་ཁྲོད། ཚེ་རིང་དོན་གྲུབ་ཀྱིས་ལས་ཀ་ཧུར་ཐག་འབད་ཐག་བྱེད་པ་ཕུད་ད་དུང་རྟག་ཏུ་ལས་རོགས་ཚོ་དང་འབྲེལ་གཏུག་བྱས་ནས་ཚང་མའི་བསམ་ཚུལ་ཤེས་རྟོགས་བྱེད་པ་དང་ཆབས་ཅིག སྡེ་ཚན་གཞན་དག་གི་འགན་འཁུར་བ་དང་གཞོགས་འདེགས་དམ་ཟབ་བྱས་ནས་ལས་དོན་ཁག་ཡག་པོ་བསྒྲུབས་པར་ཀུན་གྱི་ཁས་ལེན་ཐོབ་ཡོད་པ་རེད།

“ཚེ་རིང་དོན་གྲུབ་ཀྱིས་རྟག་པར་ཧུར་ཐག་འབད་ཐག་གིསགཞོན་རབས་ཚོར་མིག་དཔེ་བཟང་པོ་བསྟན་ཡོད། ཀུང་སིའི་འཕེལ་རྒྱས་དང་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་ཆེད། ཁོང་ཧ་ལམ་བོད་ཀྱི་ས་ཆ་ཚང་མར་བསྐྱོད་མྱོང་ཡོད”ཅེས་ཁོང་གི་ལས་རོགས་ཚུའེ་ལི་ཤིན་གྱིས་བཤད།

ལོ་20ཡི་རིང་། ཚེ་རིང་དོན་གྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱིར་བཏང་གི་ལས་གནས་ཐོག་སྡུག་ཡུས་རྩ་བ་ནས་མེད་པར་ཧུར་ཐག་འབད་ཐག་བྱས་ནས། སྤྱིར་བཏང་མ་ཡིན་པའི་ལས་ཀའི་གྲུབ་འབྲས་བཏོད་པར་ཀུང་སིའི་སྡེ་ཚན་ཁག་གི་བསྟོད་བསྔགས་ཆེན་པོ་ཐོབ་པ་དང་ཆབས་ཅིག་གཟི་བརྗིད་མཚན་སྙན་ཡང་མང་པོ་ཐོབ་ཡོད། མཚན་སྙན་གྱི་མདུན་དུ། ཁོང་གིས་ང་རྒྱལ་དང་འཚབ་འཚུབ་མེད་པར་གཟི་བརྗིད་མཚན་སྙན་སྤྲད་པ་དེ་ལས་ཀའི་སྒུལ་ཤུགས་ཤིག་ཏུ་བརྩིས་ནས། གནས་གཅེས་ལས་བརྩོན་དང་དཀའ་སྤྱད་འབད་བརྩོན་བྱེད་ཀྱི་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། ཁོང་གིས་ཐོབ་ཟིན་པའི་གྲུབ་འབྲས་ཀྱི་མདུན་དུ་ང་རྒྱལ་དང་སྤོབས་པ་གང་ཡང་མི་བྱེད་པར་དེ་ལས་ལྡོག་སྟེ་ཁེངས་སྐྱུང་གཟབ་ནན་ངང་འབད་པ་ལྷུར་ལེན་བྱེད་ཀྱི་ཡོད་པ་རེད།

ཁ་རྒྱུན་དུ། མི་ཞིག་གིས་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ནི་དེ་འདྲའི་ཁག་པོ་ཞིག་མིན། ཁག་ཤོས་ནི་མི་ཚེ་གང་པོར་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དེ་རེད་ཅེས་ཤོད་པ་བཞིན། ཉིན་གཅིག་གཉིས་ནང་ཧུར་ཐག་འབད་ཐག་བྱེད་པ་ཧ་ཅང་སླ། ལོ་གསུམ་བཞི་ཙམ་ལ་མཐའ་འཁྱོངས་བྱ་རྒྱུ་ཡང་དེ་འདྲའི་ཁག་པོ་མེད། ཡིན་ན་ཡང་ཚེ་རིང་དོན་གྲུབ་ལྟར་ལོ་20ཡི་རིང་སྡུག་ཡུས་ཅི་ཡང་མེད་པར་ལེགས་སྐྱེས་འབུལ་བ་ནི་ཧ་ཅང་ཁག་པོ་ཞིག་རེད། ཁོང་གིས་གནོང་འགྱོད་སྤུ་ཙམ་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བརྟེན་ནས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་མི་ཚེའི་དམ་ཚིག་བརྩི་སྲུང་བྱེད་ཀྱི་ཡོད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)