《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月04日

བོད་ཀྱི་སྲིད་འཛིན་གྲོང་ཚོ་99%ལ་4Gདྲ་རྒྱ་དང་དྲ་ཆེན་ཁྱབ་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། 2017ལོར་4Gདུས་རབས་ལ་སླེབས་རྗེས་བོད་ཀྱི་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡན་ཧུང་ཆང་གིས་ངོ་སྤྲོད་བྱས་པར་གཞིགས་ན་བོད་ཀྱི་སྲིད་འཛིན་གྲོང་ཚོ་5417ལ་4Gདྲ་རྒྱ་ཁྱབ་པ་དང་། སྲིད་འཛིན་གྲོང་ཚོ་5439ལ་འོད་སྐུད་དྲ་ཆེན་ཁྱབ་ནས་ཁྱབ་ཚད་གཉིས་ཀ་99%ཟིན་ཡོད།

བོད་ཀྱི་སྲིད་འཛིན་གྲོང་ཚོར་འོད་སྐུད་དྲ་ཆེན་ཁྱབ་ཚད་སྔོན་ཆད་ཀྱི་4%ནས་99%བར་མང་དུ་སོང་བ་དང་། 4Gདྲ་རྒྱ་ཁྱབ་ཚད་0ནས་99%བར་མང་དུ་སོང་ཡོད། མིག་སྔར་ལྗོངས་ཡོངས་སུ་འཕྲིན་གཏོང་གི་འོད་སྐུད་གློག་ལམ་རིང་ཚད་སྤྱི་ལེ་ཁྲི་24.08ཁྲིད་པ་དང་། དྲ་སྦྲེལ་དྲ་ཆེན་མཐུད་སྣེ་ཁྲི་216.5སྦྲེལ་མཐུད་བྱས་ནས་འཕྲིན་གཏོང་འཕེལ་རྒྱས་ཀྱི་ཆུ་ཚད་ནང་སའི་ཞིང་ཆེན་དང་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད།

འཕྲིན་གཏོང་ལག་རྩལ་གྱི་འཕེལ་རྒྱས་ལས་བོད་རིགས་མང་ཚོགས་ཚོའི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བཞིན་ཡོད་ཅིང་། གཏན་འཇགས་ཁ་པར་ནས་ལག་ཐོགས་ཁ་པར་དང་། སྐད་བརྡ་ནས་བརྙན་ལམ་བར་འབྲེལ་གཏུག་བྱེད་སྟངས་སྣ་མང་ཕུན་སུམ་ཚོགས་སུ་སོང་ཡོད།

ལོ་23ལ་སླེབས་པའི་ཚེ་རིང་ལྷ་སྐྱིད་འདི་ལོ་སློབ་གྲྭ་ཆེ་མོ་ཐོན་རྗེས་ནང་སར་ལས་ཀར་བསྐྱོད་ཅིང་། རྡོག་ཐོན་བྱེད་ཁར་ཁྱིམ་དུ་ཞིང་ལས་བྱེད་བཞིན་པའི་པཱ་ལགས་ལ་ལག་ཐོགས་ཁ་པར་གྱི་རྒྱུག་འབོར་སྡེབ་གྲོན་བརྗེས་པ་དང་། ཁོང་གིས“དམའ་རིམ་སློབ་འབྲིང་འགྲིམས་སྐབས་ངས་ནང་སར་སློང་སྦྱོང་བྱེད་བཞིན་པའི་སློབ་གྲོགས་ལ་ཡི་གེ་གཏོང་མྱོང་ཡོད། ཡིག་ལན་འབྱོར་སྐབས་ཟླ་1ཙམ་སོང་ཟིན་འདུག ད་ཆ་གྲོང་ཚོར་སྔ་ས་ནས་དྲ་ཆེན་ཁྱབ་ཡོད་ལ་འགྲོ་སོང་ཡང་ཆེན་པོ་མི་འདུག

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གྲོགས་པོ་གྲོགས་མོ་ཚོ་དང་སྐད་འཕྲིན་ནས་བརྙན་ལམ་འབྲེལ་མཐུད་བྱས་ཚེ་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བརྗོད།

དྲ་རྒྱ་ཁྱབ་ཚད་ཆེ་རུ་སོང་བ་དེས“དྲ་ཐོག་གྲགས་ཅན་གྱི་དཔལ་འབྱོར”ལ་སྐུལ་མ་ཐེབས་ཤིང་། འདི་ལོའི་ཐད་གཏོང་ཟོག་ཚོང་ཞིག་གི་ནང་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་བློ་བཟང་སྒྲོལ་མར་ཆུ་ཚོད་གཉིས་ནང་ཐད་གཏོང་ཟོག་ཚོང་གི་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་བྱུང་སྟེ་ཕ་ཡུལ་གྱི་དབྱར་རྩྭ་དགུན་འབུ་དང་ཁ་ཆེ་ཤ་སྐམ་བྲིན་ཚོང་ལ་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད། ཁོང་གིས་ད་ཆ་ཕ་ཡུལ་དུ་དྲ་རྒྱ་དར་རྒྱས་ཧ་ཅང་ཆེན་པོ་བྱུང་སྟེ་མི་སེར་ཚོས་དྲ་ཐོག་ནས་ཚོང་ཟོག་ཉོ་བར་དགའ་པོ་བྱེད་ཀྱི་ཡོད། རང་ཉིད་ཀྱིས་དྲ་ཐོག་ནས་ཉོས་པའི་ལག་ཐོགས་ཁ་པར་དེ་ཧྲེན་ཀྲེན་ནས་བསྐུར་བ་དང་ཁྱིམ་དུ་སྐྱེལ་བར་ལམ་ཐག་ཧྲིལ་པོར་ཉིན་5ལས་འགོར་མི་འདུག་ཅེས་བརྗོད།

ད་ཆ་5Gའཕྲིན་གཏོང་ལག་རྩལ་གངས་ལྗོངས་ས་མཐོར་ཁྱབ་སྟེ་སྨན་བཅོས་དང་ཡུལ་སྐོར་སོགས་ལས་རིགས་ཁག་ཏུ་སྤྱོད་བཞིན་ཡོད། འདི་ལོའི་ཟླ་5པར་བོད་ཀྱི་5Gརིག་ལྡན་སྨན་བཅོས་མཉམ་འབྲེལ་ཚོད་ལྟའི་ཁང་ཐོག་མ་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཙུགས་ནས་5Gཡི་མྱུར་ཚད་མགྱོགས་པ་དང་དུས་འགྱངས་ཉུང་བ་སོགས་ཀྱི་ལེགས་ཆ་སྤྱད་དེ་རྒྱང་རིང་སྨན་བཅོས་བྱེད་ཐབས་སྤྱད་ནས་བཅོས་དཀའ་བའི་ནད་པ་མང་པོར་སྨན་བཅོས་བྱས་པ་རེད། 2020ལོའི་ལོ་སྟོད་དུ་བོད་ལྗོངས་སུ་5Gསྦྲེལ་ཚུགས་ཆིག་སྟོང་ཙམ་བཙུགས་ཡོད། འཆར་འགོད་གཞིར་བཟུང་ལོ་སྨད་དུ་སྦྲེལ་ཚུགས་ཆིག་སྟོང་ལྷག་ཙམ་འཛུགས་རྒྱུ་མ་ཟད་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གནས་སའི་གྲོང་ཁུལ་གཙོ་བོར་5Gདྲ་རྒྱ་ཁྱབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།

(པད་ཆོས་ཀྱིས་བསྒྱུར། བསོད་ནམས་བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)