《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月03日

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། 2021ལོའི་ཟླ་1ཚེས་1ཉིན་དཔེ་སྐྲུན་བྱས་པའི་འདི་ལོའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2017ལོའི་ཟླ་1ཚེས་18ཉིན་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་སྤྱི་ཁྱབ་པུའུ་རུ་གནང་བའི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་སྐྲུན་དགོས》ཞེས་པའི་གཏམ་བཤད་བཀོད་ཡོད།

གསུང་རྩོམ་ནང་། མིའི་རིགས་ཀྱི་འཕེལ་རྒྱས་ཆེན་པོ་དང་། འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་སླེབས་ཡོད་ལ། རྫོགས་མཐའ་མེད་པའི་འགྲན་སློང་དང་ཉེན་ཁ་ཉིན་བཞིན་མང་དུ་འགྲོ་བའི་དུས་སྐབས་སུའང་སླེབས་ཡོད། འཛམ་གླིང་ལ་གནས་ཚུལ་ཅི་ཞིག་ཕྲད་ཡོད་དམ། ང་ཚོས་ཇི་ལྟར་བྱེད་དགོས་སམ། འདི་ནི་འཛམ་གླིང་ཡོངས་ཀྱིས་བསམ་གཞིག་བྱེད་དགོས་པའི་གནད་དོན་ཞིག་རེད་ལ། ངས་ཐོག་མཐའ་བར་གསུམ་དུ་བསམ་གཞིག་བྱེད་པའི་གནད་དོན་ཞིག་ཀྱང་རེད། ཞི་བདེའི་མེ་ལྕེ་མི་རབས་ནས་མི་རབས་བར་འབར་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་དུ་མི་འཇུག་པ། ཤེས་དཔལ་གྱི་འོད་སྟོང་ནམ་ཡང་འཕྲོ་བ་བཅས་བྱེད་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་སྒུག་རེད་ལ། ང་ཚོ་མི་རབས་འདིའི་ཆབ་སྲིད་མཁས་ཅན་གྱི་དགོས་ངེས་ཀྱི་འགན་འཁྲི་ཡང་རེད། ཀྲུང་གོའི་ཇུས་གཞི་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ནས་གཉིས་ཁེ་མཉམ་སྤྱོད་བྱེད་པ་འདི་རེད་ཅེས་ནན་བཤད་གནང་ཡོད།

གསུང་རྩོམ་ནང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་འགག་རྩ་བྱ་སྤྱོད་ལ་ཐུག་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་ཟླའི་འབྲེལ་བ་དང་།

(པར་ངོས་གཉིས་པར་གཟིགས)




(པར་ངོས་དང་པོར་མཐུད) བདེ་འཇགས་ཀྱི་གནས་བབ། དཔལ་འབྱོར་འཕེལ་རྒྱས། ཤེས་དཔལ་སྤེལ་རེས། སྣོད་བཅུད་འཛུགས་སྐྱོང་སོགས་ལ་འབད་བརྩོན་བྱེད་དགོས། གླེང་མོལ་དང་གྲོས་མོལ་མཐའ་འཁྱོངས་བྱས་ཏེ་ཡུན་རིང་ཞི་བདེའི་འཛམ་གླིང་ཞིག་སྐྲུན་དགོས། མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་ཡོངས་ཁྱབ་ངང་བདེ་འཇགས་ཀྱི་འཛམ་གླིང་ཞིག་སྐྲུན་དགོས། མཉམ་ལས་གཉིས་ཁེ་མཐའ་འཁྱོངས་ཀྱིས་ཐུན་མོང་དར་རྒྱས་ཀྱི་འཛམ་གླིང་ཞིག་སྐྲུན་དགོས། སྤེལ་རེས་དང་དཔྱད་ཞིབ་འཛིན་རེས་མཐའ་འཁྱོངས་ཀྱིས་སྒོ་དབྱེ་བསྟུན་མཁས་ཀྱི་འཛམ་གླིང་ཞིག་སྐྲུན་དགོས། སྦགས་མེད་ཐཱན་ཉུང་མཐའ་འཁྱོངས་ཀྱིས་གཙང་སྦྲ་དོད་ལ་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་སྐྲུན་དགོས་པ་བཅས་བསྟན་གནང་ཡོད།

གསུང་རྩོམ་ནང་། འཛམ་གླིང་ཡག་པོ་བྱུང་ན་ཀྲུང་གོ་གཞི་ནས་ཡག་པོ་ཡོང་བ་དང་། ཀྲུང་གོ་ཡག་པོ་བྱུང་ན་འཛམ་གླིང་དེ་བས་ཡག་པོ་ཡོང་ཐུབ། འབྱུང་འགྱུར་ལ་ཕྱོགས་སྐབས། གཅིག་ནས་ཀྲུང་གོས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་པ་དང་། གཉིས་ནས་ཀྲུང་གོས་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་པ། གསུམ་ནས་ཀྲུང་གོས་རོགས་ཟླའི་འབྲེལ་བ་འཛུགས་པའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་པ། བཞི་ནས་ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་་ཅེས་བསྟན་གནང་ཡོད།

གསུང་རྩོམ་ནང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པ་ནི་མཛེས་སྡུག་ལྡན་པའི་དམིགས་ཚད་ཅིག་རེད་ལ། མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱས་ན་གཞི་ནས་མངོན་འགྱུར་ཐུབ་པའི་དམིགས་ཚད་ཅིག་ཀྱང་རེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཆེའི་ཁོངས་མིའི་རྒྱལ་ཁབ་དང་། རྒྱལ་སྤྱིའི་རྩ་འཛུགས་སམ་སྒྲིག་གཞི་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པའི་རླབས་ཆེན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)