《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月03日

བོད་ཀྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

—— རྩལ་ནུས་གསར་པ་སྦྱངས་ནས་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད།

● 2020ལོའི་ཟླ་10པའི་ཟླ་མཇུག་བར། རང་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་60.4ལས་ཞུགས་གཞན་སྒྱུར་ཐུབ་ནས། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་45.4བྱུང་ཞིང་། དེའི་ནང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་མི་གྲངས་77289ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ལྗོངས་ཕྱིའི་མི་གྲངས་5546ལས་ཞུགས་གཞན་སྒྱུར་ཐུབ་ཡོད།

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་གི་བཞོན་མ་གསོ་ཚགས་ཁང་དུ། ལས་བཟོ་ཚོས་བཞོན་མར་གཟན་རྩྭ་སྟེར་བཞིན་ཡོད་པ་དང་གློག་རྡུལ་བརྙན་ཤེལ་ཆེན་པོ་ནས་འཁོར་ཁང་གི་ཐོན་སྐྱེད་གནས་ཚུལ་བསྟན་བཞིན་འདུག

“བཞོན་མ་གསོ་སྟངས་དེ་འདྲ་ཡོད་པ་བསམ་མ་བྱུང”ཞེས་དེང་རབས་ཅན་གྱི་གསོ་ཚགས་དྲོད་ཁང་ཆེ་མོར་ལས་ཀ་བྱེད་བཞིན་པའི་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོའི་ལོ་52ལ་སླེབས་པའི་གྲོང་མི་ཕུར་བཟང་གིས་ཚོར་སྣང་ཟབ་མོས་དེ་ལྟར་བརྗོད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ཕུར་བཟང་དང་འདྲ་བའི་ཞིང་འབྲོག་པ་མང་པོ་ཞིག་ངལ་རྩོལ་རྩལ་ནུས་གསོ་སྦྱོང་བརྒྱུད་ལས་ཞུགས་གཞན་སྒྱུར་ཐུབ་ཡོད། 2020ལོའི་ཟླ་10པའི་ཟླ་མཇུག་བར། རང་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་60.4ལས་ཞུགས་གཞན་སྒྱུར་ཐུབ་ནས། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་45.4བྱུང་ཞིང་། དེའི་ནང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དུ་མི་གྲངས་77289ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ལྗོངས་ཕྱིར་མི་གྲངས་5546ལས་ཞུགས་གཞན་སྒྱུར་ཐུབ་ཡོད་པ་རེད།

རགས་ལས་རྣམ་པའི་གསོ་ཚགས་ཀྱི་ཐོན་སྐྱེད་ལས་ཕྱོད་དམའ་བས་ཕྱུགས་རིགས་བཤས་གཏོང་བར་ལོ་ལྔ་དྲུག་འགོར་བའི་ཁར་འབྲི་གཡག་ཤི་ཚད་ཀྱང་མང་དུ་འགྲོ་ཡི་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ལྷུན་གྲུབ་རྫོང་གི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱ་ཆེད། 2018ལོའི་ལོ་འགོར་ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་གྱི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་བསྐྲུན་འགོ་ཚུགས་ཡོད། ཅང་སུའུ་སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་། ལྷུན་གྲུབ་རྫོང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་བཅས་ཡིན་པའི་ཝེ་གོ་ལིང་གིས་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5བཏང་སྟེ། གཙོ་བོ་འབྲི་གཡག་གསོ་སྤེལ་དང་། གསོ་ཚགས། གཟན་རྩྭ་ལས་སྣོན་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྤྱད་པར་བརྟེན་ཉེ་འགྲམ་གྱི་ཞིང་འབྲོག་པ་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་མ་ཟད། གླིང་ཁུལ་དུ་ལས་ཀ་བྱེད་མཁན་ཞིང་འབྲོག་པའི་ཟླ་རེའི་གླ་ཆ་སྒོར་3500ཡན་ཟིན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།

གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ནས་ལུང་ཤང་དུ“ཕྱིར་གླ་པར་བསྐྱོད་རྒྱུ”དེ་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་གདམ་ག་ལེགས་ཤོས་སུ་གྱུར་ཅིང་། 2019ལོར་ནས་ལུང་ཤང་གི་ངལ་ནུས་ཕྱིར་གཏོང་ཆེད་ལས་མཉམ་ལས་ཁང་གི་ལོའི་ཡོང་འབབ་སྒོར་ཁྲི་500ཡན་ཟིན་པ་དང་ཐོ་འགོད་བྱས་པའི་བཟོ་པ་500ལས་བརྒལ་ཡོད།

ནས་ལུང་ཤང་ལ་ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཡོད་ཅིང་། རི་མཐོ་ལ་ལམ་ཐག་རིང་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ཐོན་ལས་དེ་ཙམ་དར་རྒྱས་མེད་པ། གྲོང་མི་རྣམས་ཀྱིས་ཞིང་ལས་ཁོ་ནར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་འཚོ་བ་སྐྱོ་ཙམ་ཡོད།

བཀྲ་ཤིས་དོན་གྲུབ་ནི་ནས་ལུང་ཤང་གི་ཞིང་པ་ཡིན་པ་དང་བགྲང་བྱ་བཅུའི་གོང་ཕྱིར་གླ་པར་བསྐྱོད་མྱོང་ཞིང་། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པའི་སྐབས་སུ། བཀྲ་ཤིས་དོན་གྲུབ་དང་ཕ་ཡུལ་གཅིག་པའི་ངག་དབང་བཀྲ་ཤིས་མཉམ་དུ་ལྷ་སའི་མེ་འཁོར་བབས་ཚུགས་སུ་དོ་པོ་དབོར་མཁན་གྱི་གླ་པ་བྱས། དོ་པོ་དབོར་བའི་ལས་ཀ་དཀའ་ཚེགས་ཆེ་ཞིང་། ཞོགས་པ་སྔ་པོ་ནས་དགོང་མོ་ཕྱི་པོ་བར་ལས་ཀ་བྱེད་དགོས་པ་མ་ཟད། ཡོང་འབབ་ཀྱང་མང་པོ་མེད། ལས་ཀ་གང་མཚམས་བྱས་རྗེས། བཀྲ་ཤིས་དོན་གྲུབ་ཀྱིས་ལས་ཀ་དེ་དཀའ་ཚེགས་ཆེ་བས། དེ་ལས“ཕ་ཡུལ་དུ་ལོག་ནས་ལུག་འཚོས་ན་དགའ”སྙམ་སྟེ་མཚོ་བོད་ལྕགས་ལམ་གྱི་ལས་ཀ་ནས་དོན་ཏེ་ཕ་ཡུལ་དུ་མུ་མཐུད་ཞིང་ལས་བྱེད་པར་བསྐྱོད།

བཀྲ་ཤིས་དོན་གྲུབ་དང་མཉམ་དུ་ཡོད་པའི་ངག་དབང་བཀྲ་ཤིས་མུ་མཐུད་མཚོ་བོད་ལྕགས་ལམ་དུ་ལས་ཀ་བྱས་ནས་བསྡད་པ་མ་ཟད། ཉིན་བཞིན་འཕེལ་རྒྱས་འགྲོ་བའི་ཟོག་འགྲེམས་ལས་རིགས་ཁྲོད་ནས་ཚོང་ལས་ཀྱི་གོ་སྐབས་མཐོང་། 2012ལོར་ངག་དབང་བཀྲ་ཤིས་ཀྱིས་ནས་ལུང་ཤང་དུ་ངལ་ནུས་ཕྱིར་གཏོང་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

མཉམ་ལས་ཁང་གི་ལས་མི་མང་ཆེ་བ་ནི་རི་གྲོང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཞིང་འབྲོག་པ་ཡིན་པ་དང་རིག་གནས་ཆུ་ཚད་དམའ་ལ། ཆེད་ལས་ལག་རྩལ་ཡང་མེད། གཉའ་ནང་རྫོང་གིས་གསོ་སྦྱོང་ཧུར་ཐག་བྱས་ནས་ཞིང་འབྲོག་པར་ངལ་ནུས་ཕྱིར་གཏོང་གི་སྦྲེལ་ཟམ་བསྐྲུན་པ་དང་ཨར་སྐྲུན་ཚན་པ་དང་སྦྲེལ་མཐུད་ཀྱང་བྱས་ཡོད། མཉམ་ལས་ཁང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཏེ་བསླས་འཐག་དང་། འཚེམ་བཟོ། ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་ཡང་བྱས་པ་མ་ཟད། ད་དུང་རླངས་འཁོར་དང་། སྦག་སྦག ཞིང་འཕྲུལ་ཉམས་བཟོ་སོགས་ཀྱང་ཡོད་པས་ཞིང་འབྲོག་པའི་ལས་རིགས་རྩལ་ནུས་ཕྱོགས་ཡོངས་ནས་གོང་མཐོར་ཕྱིན་ཡོད།

ངག་དབང་བཀྲ་ཤིས་ཀྱི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བ་མཐོང་སྐབས། བཀྲ་ཤིས་དོན་གྲུབ་ཀྱིས་རང་འགུལ་ངང་ངག་དབང་བཀྲ་ཤིས་བཙལ་ཏེ་གསོ་སྦྱོང་ནང་ཞུགས་རྒྱུའི་རེ་བ་བཏོན། གསོ་སྦྱོང་བྱས་པ་བརྒྱུད་བཀྲ་ཤིས་དོན་གྲུབ་ལ་འདོན་འཇུག་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་རག་ནས། ཆེད་ལས་ཀྱི་འདོན་འཇུག་བཟོ་པ་ཞིག་ཏུ་གྱུར། བཀྲ་ཤིས་དོན་གྲུབ་ལ་ཡོང་འབབ་ཡག་པོ་བྱུང་ཞིང་། ལོ་ཤས་སོང་རྗེས་དབུལ་སྒྲོལ་ཐུབ་ཁར་རླངས་འཁོར་ཡང་ཉོས་པ་མ་ཟད། ད་དུང་གསོག་དངུལ་བཏོན་ནས་ཟ་ཁང་ཆུང་ཆུང་ཞིག་ཀྱང་བཙུགས་པ་རེད།

ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ། ལོ་34ལ་སླེབས་པའི་བྱམས་སྒྲོན་གྱིས་བཙུགས་པའི་ཇ་ཁང་ཆུང་ཆུང་ནང་མིས་ཁེངས་ཤིང་། བྱམས་སྒྲོན་གྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་སྐུ་མགྲོན་ཚོར་སྣེ་ལེན་ཞུ་བཞིན་འདུག

ལོ་གསུམ་གྱི་གོང་། བྱམས་སྒྲོན་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་རྟ་དཀར་གྲོང་ཚོའི་ཞིང་པ་རེད། ནང་མི་གསུམ་ལ་ས་ཞིང་མུའུ་བཞི་ལས་མེད་པ་དང་འཚོ་བ་སྐྱོ་པོ་མེད་ཀྱང་། ལག་དངུལ་དཀོན་པོ་ཡོད།

ཡོང་འབབ་མང་དུ་གཏོང་ཆེད། བྱམས་སྒྲོན་གྱི་བཟའ་ཟླ་རྒྱུན་དུ་ཕྱིར་གླ་པ་རྒྱུག་པར་འགྲོ་ཡི་ཡོད། ལྷོ་ཁ་གྲོང་ཁྱེར་དུ་འཛུགས་སྐྲུན་རྣམ་གྲངས་མང་པོ་ཡོད་པས། བྱམས་སྒྲོན་གྱི་བཟའ་ཟླས་རླངས་འཁོར་སྦྱངས་ནས་ལས་ཡུལ་དུ་སྐྱེལ་འདྲེན་སོགས་བྱས། གླ་ཆ་ཉིན་རེར་རྩིས་བརྒྱབ་ཀྱང་། ཡོང་འབབ་དེ་ཙམ་བརྟན་པོ་མེད། བྱམས་སྒྲོན་གྱིས་བཟའ་ཟླ་དང་མཉམ་དུ་གླ་པ་རྒྱུག་པར་འགྲོ་དགོས་སྙམ་ཡང་། ལག་རྩལ་མི་ཤེས་པར་བརྟེན་ལག་གཡོག་བྱས་པས། ཟླ་གཅིག་ལ་གླ་ཆ་སྒོར་ཆིག་སྟོང་ཙམ་ལས་མེད།

ཡུལ་གཞན་དུ་གནས་སྤོས་སྲིད་ཇུས་བཟང་པོའི་འོག་བྱམས་སྒྲོན་གྱི་ནང་མི་2018ལོའི་ཟླ་བཞི་པར་ཆུ་ཤུར་རྫོང་ནས་ལྷ་ས་གྲོང་ཁུལ་གྱི་སྣེའུ་ཁུལ་གསར་དུ་སྤོས་ཏེ་ཞིང་པ་ནས་གྲོང་མིར་གྱུར། གནས་སྤོས་དུད་ཚང་དེ་བས་ལེགས་པའི་སྒོ་ནས་ལས་ཞུགས་ཐུབ་ཆེད། སྣེའུ་ཁུལ་གསར་གྱིས་གསོ་སྦྱོང་ལས་དོན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཤིང་། བྱམས་སྒྲོན་གྱིས“གསོ་སྦྱོང་ནང་བདེ་སྲུང་དང་། མ་བྱན། གད་པ། འཐག་ལས། ཁ་ལོ་བ་སོགས་གང་སྦྱངས་སྦྱངས་འདུག”ཅེས་བརྗོད་བྱུང་།

བྱམས་སྒྲོན་མ་བྱན་གྱི་གསོ་སྦྱོང་ནང་ཞུགས་རྗེས། ཚལ་བརྔོ་སྟངས་ཡག་པོ་ཤེས་ཤིང་། དེ་བས་གལ་ཆེ་བ་ཞིག་ནི་སློབ་སྦྱོང་བྱས་པ་བརྒྱུད་ཁོ་མོའི་མིག་རྒྱང་རིང་དུ་ཕྱིན་ཡོད། “གྲོང་ཁྱེར་ནང་ཡོང་འབབ་གསོག་པའི་གོ་སྐབས་མང་པོ་དེ་འདྲ་ཡོད་སྙམ་མ་བྱུང”ཞེས་བརྗོད་བྱུང་། ཁོང་གིས་བསམ་བློ་ཡང་ཡང་བཏང་རྗེས། གནས་སྤོས་བྱ་ཡུལ་དུ་མི་མང་བ་དང་ཇ་ཁང་ཡང་མེད་པས། ཇ་ཁང་བཙུགས་ན། ཚོང་ཡག་པོ་ཡོང་ངེས་རེད་སྙམ།

དེ་ལྟར་ས་གནས་ལས་བྱེད་པའི་རྒྱབ་སྐྱོར་འོག་བྱམས་སྒྲོན་གྱིས་ཇ་ཁང་འཛུགས་རྒྱུའི་གྲ་སྒྲིག་བྱས། ཇ་དང་ཟ་མ་ཞིམ་པར་བརྟེན་གནས་སྤོས་བྱ་ཡུལ་གྱི་མི་ཚང་མ་ཇ་ཁང་ནང་ཡོང་བས། ཉིན་རེའི་ཡོང་འབབ་སྒོར་ཆིག་སྟོང་ལྷག་ཙམ་ལས་བརྒལ་གྱི་ཡོད།

ད་ཆ་ཇ་ཁང་གི་ཚོང་ཡག་པོ་འདུག རླངས་འཁོར་ཉོས་ནས་ཚོང་ཟོག་འཐེན་པ་དང་ཆབས་ཅིག་ལྷ་སའི་རྣམ་པར་ལྟ་བར་འགྲོ་རྩིས་ཡོད་ཅེས་བརྗོད་བྱུང་།

(པ་སངས་དང་བསྟན་འཛིན་བཟང་མོས་སྒྱུར་ཞུས་བྱས)