《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月02日

ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་2020ལོའི་ཟླ་12ཚེས་31ཉིན་གནས་ཚུལ་འབྱོར་གསལ། 2020ལོའི་ཟླ་12ཚེས་31ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་། 《ལྗོངས་ཡོངས་སུ“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་ནན་པ”བཅས་ཀྱི་ཆེད་དོན་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞིར》ཞིབ་འཇུག 2020ལོའི་ལྗོངས་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་དང་། 2020ལོའི་རང་སྐྱོང་ལྗོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང”གི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་པ། ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྙན་སེང་དང་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ། 《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ལས་དོན་སྙན་ཞུར(གྲོས་ཞིབ་མ་ཟིན)》ཞིབ་འཇུག་བཅས་གནང་བ་མ་ཟད། ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། “ཞིང་གསུམ”ལས་དོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ། “ཞིང་གསུམ”ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེའི་གནས་བབ་མཐའ་འཁྱོངས་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས“ཞིང་གསུམ”ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མཐའ་གཅིག་ཏུ་སྲུང་དགོས་ན། “མཚམས་འཇོག་མི་བྱེད་པ་བཞིའི”བླང་བྱ་གཞིར་བཟུང་། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་སྟབས་བསྟུན་ལྟ་ཞིབ་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ལོ་5ཡི་བར་བརྒལ་དུས་སྐབས་ནང་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་རིམ་པ་བཞིན་བཟང་སྒྲིག་དང་ལེགས་སྒྲིག་བྱས་ཏེ་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རིམ་པས་བར་བརྒལ་ཡོང་བར་བྱེད་དགོས། འབྲུ་རིགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་མཐའ་གཅིག་ཏུ་འགན་ལེན་བྱེད་པར་ནས་ཐོན་འཕར་དང་འབྲི་གཡག་བཤས་གཏོང་ཤུགས་ཆེ་རུ་གཏོང་བ་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གཞི་ཁྱོན་འོས་འཚམ་གཅིག་སྡུད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་མཐོར་གཏོང་བྱ་སྤྱོད་ཧུར་ཐག་སྤེལ་བ། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བཙོག་ཆུ་གཙང་གསིང་། གད་སྙིགས་གཙང་སེལ་བཅས་ལ་དམ་འཛིན་ཡག་པོ་བྱེད་པ། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་གཙོ་གནད་གྲོང་གསེབ་ཏུ་འཇོག་པ་བཅས་བྱས་ནས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ་བསམ་བློའི་གནད་དོན་ཐག་གཅོད་ལའང་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་གྲོང་གསེབ་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་སེལ་བ། མང་ཚོགས་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་བྱེད་པ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་བྱས་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས། བོད་ཀྱིས་གནའ་སྔ་མོ་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས། ཞིང་འབྲོག་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་སྡོད་དང་དགོན་སྡོད་ལས་དོན་རུ་ཁག་དང་། ཧྲུའུ་ཅི་དང་པོ། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ། གཉིས་ལྡན་དུད་སྦྲེལ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་ལ་དམ་པོར་བརྟེན་པ། མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་བྱེད་སྐབས་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་རྫོང་ཨུད་ཀྱི་ཧྲུའུ་ཅིས“འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”ཡག་པོ་བྱས་ནས་གྲོང་གསེབ་དར་རྒྱས་ལ་དེ་བས་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་100%ཚང་མ་ཏང་ཡོན་ཡིན་པ་མཐའ་འཁྱོངས་བྱས་ཏེ་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་དགོས། ཆབ་སྲིད་དང་། འཇོན་ཐང་། སྤྱོད་ཚུལ་བཅས་ཀྱི་ཐད་ཉམས་སད་ཐེག་ཐུབ་པའི་གྲོང་གསེབ་དར་རྒྱས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱེད་པ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་གཞན་གྱིས་བླང་བྱ་བཏོན་པ་ནས་ནང་གནས་ཀྱི་རང་འགུལ་དུ་ཏན་ཏིག་འགྱུར་བར་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པ་ཚོའི་ཆབ་སྲིད་དང་། བསམ་བློ། སྒྲིག་ཁྲིམས། ཀུན་སྤྱོད། སྤྱོད་གཙང་སོགས་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་པ་དང་། སློབ་གསོའི་དོ་དམ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་སྲིད་འཛིན་རྐང་འཛིན་དཔུང་ཁག་ཧུར་ཐག་གཏོད་ཆེད། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་སུ“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་ནན་པ”བཅས་ཀྱི་ཆེད་དོན་སློབ་གསོ་སྤེལ་རྒྱུའི་ཐག་བཅད་པ་དེ་ནི་ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་མཐོ་ཚད་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མཐོ་ཚད། བོད་བཅོས་སྐྱོང་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་ཀྱི་མཐོ་ཚད་ཐོག་ནས་ད་ཐེངས་ཀྱི་ཆེད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྡུ་བ། བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ཆེད་དོན་སློབ་གསོའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཟབ་ཏུ་གཏོང་དགོས་པ་དང་། དམིགས་ཚད་ལས་འགན་སྔར་བས་ཁ་གསལ་ཡོང་བར་བྱས་ཏེ་རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་འཁུར་ཐུབ་པ། ལས་དོན་སྒྲུབ་ཐུབ་པ་བཅས་མཐའ་འཁྱོངས་ཀྱིས་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་དང་། གཙོ་གནད་གསོ་སྦྱོང་ཡག་པོ། ཉེན་ཟོན་སློབ་གསོར་ཤུགས་སྣོན། གནད་དོན་ལ་དཔྱད་ཞིབ་གཏིང་ཟབ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པ་དང་། ལྷག་དོན་དུ་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པར་གནས་པའི་གནད་དོན་དང་མི་འདང་ས་ཐག་གཅོད་ཧུར་ཐག་བྱས་ནས་ལྗོངས་ཡོངས་སུ་རུལ་སུངས་བྱེད་མི་ཕོད་པ་དང་། བྱེད་མི་རུང་བ། བྱེད་མི་འདོད་པ་བཅས་ཀྱི་ཆབ་སྲིད་ཀྱི་རྣམ་པ་གཏོད་དགོས།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོར་ཁྲིམས་སྲོལ་ལག་བསྟར་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་ཁྲིམས་སྲོལ་ལག་བསྟར་ནན་པོ་མ་བྱུང་བ་ནི་འགན་འཛོལ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ཁྲིམས་སྲོལ་ལག་བསྟར་ནན་པོ་དང་། ཁྲིམས་སྲོལ་ལག་བསྟར་གཞུང་དྲང་། ཁྲིམས་སྲོལ་ལག་བསྟར་ཚད་ལྡན་བཅས་བྱེད་དགོས་པ་དང་། ཁྲིམས་སྲོལ་ལག་བསྟར་གྱི་འགན་འཁྲི་ནན་དུ་བཏང་ནས་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་དང་། ལྗོངས་ཏང་ཨུད་གཞུང་ལས་ཐིང་གི་སྤྱི་འདོམས་མཐུན་སྦྱོར། གཙོ་འགན་ཁུར་མཁན་སྡེ་ཚན་གྱིས་སྣེ་ཁྲིད་དེ་འགན་འཁུར་བ། འབྲེལ་ཡོད་ཚན་པས་མཐུན་སྦྱོར་གཞོགས་འདེགས། སྒྲིག་བཤེར་ལས་ཁུངས་ཀྱིས་ལྟ་སྐུལ་ནན་པོ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྲོལ་ལག་བསྟར་གྱི་ནུས་པ་ཆེ་རུ་གཏོང་བ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་ལ་སྣེ་ཁྲིད་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་ནན་པོ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཁྲིམས་སྲོལ་ལག་བསྟར་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་འགལ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཁག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱའང་བཏོན་ཡོད།

ཚོགས་འདུའི་ཐོག་2020ལོའི་རང་སྐྱོང་ལྗོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང”གི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ཞིང་། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚོགས་འདུ་ནན་ཏན་ངང་སྒྲིག་འཛུགས་ཀྱིས་ཡག་པོ་འཚོགས་ཏེ་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་ལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

ཚོགས་འདུའི་ཐོག་ཉེ་དུས་ཀྱི་ལས་ཀའི་ཐད་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་དང་། མ་བྱུང་སྔོན་འགོག་རྩ་དོན་དུ་འཛིན་ནས་ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་པ། གནད་དོན་ཆེན་པོ་མ་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་ཡག་པོ་བྱེད་པ། འགན་འཁྲི་ཁུར་ཕོད་མིན་དང་ལས་འགན་དོན་འཁྱོལ་ཐུབ་མིན་ཚད་གཞིར་འཛིན་ནས་ལས་བྱེད་པར་བལྟ་བ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་ངང་སྒྲུབ་པ། རང་ཉིད་ཀྱི་སྒོ་ཡག་པོ་སྲུང་བ་དང་། རང་ཉིད་ཀྱི་མི་ལ་དོ་དམ་ཡག་པོ་བྱེད་པ། རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་བྱས་ཏེ་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་དང་། སྣང་མེད་ལྷོད་གཡེང་གཏན་ནས་མི་བྱེད་པ། “རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག”གི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་དགོས་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་འགྲོ་ལམ་གྱི་བདེ་འཇགས་དང་། ནགས་ཚལ་གྱི་མེ་ཟོན། རིག་དངོས་ཀྱི་མེ་ཟོན་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པ། དགུན་དུས་ཡུལ་སྐོར་གྱི་དྲིལ་བསྒྲགས་གསལ་འགྲེལ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ། དཀའ་ངལ་ཡོད་པའི་མང་ཚོགས་དང་ལྷག་པར་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། “ས་ངན”གྱི་གནས་སྤོས། ས་བབ་ཤིན་ཏུ་མཐོ་བའི་གནས་སྤོས་བཅས་ཀྱི་མང་ཚོགས་ལ་བརྩེ་སེམས་བཅངས་ནས་དོ་ཁུར་བྱས་ཏེ་མང་ཚོགས་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བར་བྱེད་དགོས་པ། སྤྱོད་གཙང་སྒྲིག་ནན་དང་སྤྱོད་གཙང་ངང་དུས་ཆེན་གཏོང་བའི་སྒྲིག་ཁྲིམས་ཁག་གི་བླང་བྱ་ནན་དུ་གཏོང་བ་དང་རྒྱུན་སྲིང་ལྷོད་མེད་ཀྱིས་གྲོན་ཆུང་བསྲི་ཚགས་དང་ཡ་རབས་ངང་དུས་ཆེན་གཏོང་བའི་དར་སྲོལ་གསར་པ་དར་སྤེལ་བཏང་སྟེ་སྲོལ་བཟང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་གཏོད་དགོས་པ། སྤྱོད་ཚུལ་ལ་འགྱུར་ལྡོག་ཧུར་ཐག་བཏང་སྟེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པ། གཞི་རིམ་གྱི་ལས་བྱེད་པ་དང་ལྷག་པར་དུ་བརྟན་ལྷིང་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་བློ་མཐུན་ཚོར་དོ་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་ད་དུང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་སྙན་ཞུ་དང་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ཉན་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ལས་དོན་སྙན་ཞུར(གྲོས་ཞིབ་མ་ཟིན)》ཞིབ་འཇུག་བྱས་པ་མ་ཟད་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

(ཉི་དོན་དང་། བདེ་སྐྱིད། པད་ཆོས། སྐལ་མཆོག་བཅས་ཀྱིས་སྒྱུར་ཞུས་བྱས)