《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2021年01月02日

སྲུང་སྐྱོང་དང་རྒྱུན་འཛིན་ཁྲོད་གསོན་ཤུགས་འཕེལ་བ་བྱས་པ་།

—— ཆབ་མདོ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

→ 2020ལོའི་ཟླ་8ཚེས་7ཉིན། བོད་ཀྱི་སྐབས་དང་པོའི་པི་ཝང་ཞབས་བྲོ་འཁྲབ་སྟོན་གྱི་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་སྤེལ་ཞིང་། འདི་ནི་འཁྲབ་སྟོན་པ་མང་པོས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་པི་ཝང་ཞབས་བྲོ་འཁྲབ་བཞིན་པ།

↑ འདི་ནི་སྟེང་ཆེན་རྫོང་སློབ་ཆུང་གི་སློབ་མས་མངོན་མིན་རིག་གནས་ཤུལ་བཞག་སྟེང་ཆེན་གྱི་རས་པ་འཁྲབ་བཞིན་པ།

→ ཉེ་ཆར། “ཚང་མས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྐབས་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན་བྱེད་སྒོ་ལྷ་སར་སྤེལ་ཞིང་། འདི་ནི“རིག་གནས་ཤུལ་བཞག་ཉིན་མོ”ཐེངས་བཅུ་གཅིག་པའི་ལྷ་སའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

ཉེ་བའི་ལོ་ཤས་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་ཤུགས་ཆེའི་རྒྱབ་སྐྱོར་འོག་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས(གྲོང་ཁྱེར་རིག་དངོས་ཅུས)ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་། སྲུང་སྐྱོང་། རྒྱུན་འཛིན་བཅས་ཀྱི་ལས་དོན་ཧུར་ཐག་བསྒྲུབས་པས། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། བེད་སྤྱོད། རྒྱུན་འཛིན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོ་ནས་2020ལོ་བར་ཆབ་མདོ་གྲོང་ཁྱེར་གྱིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྲུང་སྐྱོང་ཆེད་གྲོན་དངུལ་སྒོར་ཁྲི་1800ལྷག་ཙམ་བཏང་ཡོད། མིག་སྔའི་བར་ཆབ་མདོ་གྲོང་ཁྱེར་དུ་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁྱོན་261ཡོད་པའི་ཁྲོད་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་8དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་28 གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་68 རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་157བཅས་ཡོད། རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁྱོན་301ཡོད་པའི་ཁྲོད་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་10དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་29 གྲོང་ཁྱེར་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་48 རྫོང་རིམ་པའི་མཚོན་བྱེད་རྒྱུན་རང་བཞིན་གྱི་འཛིན་པ་214བཅས་ཡོད་པ་རེད།

མངོན་མིན་རིག་གནས་ཤུལ་བཞག་བྱེད་སྒོ་དང་མཉམ་འདྲེས་ཡོང་བ་བྱས་པ།

ཆབ་མདོ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་ནང་དོན་སྣ་མང་ཕུན་སུམ་ཚོགས་པོ་ཡོད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་སློབ་གྲྭའི་སློབ་གསེང་ལུས་རྩལ་ཁྲོད་ཁྱབ་གདལ་གཏོང་བའི”རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཡོད།

2017ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་གསེང་ལུས་རྩལ་ཞབས་བྲོ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་བརྒྱུད། ཆབ་མདོའི་བྲོ་དང་། སྨར་ཁམས་པི་ཝང་། སྟེང་ཆེན་གྱི་རས་པ། འཇོ་མདའི་བྲོ། རི་བོ་ཆེའི་གླིང་བྲོ། གོ་འཇོའི་བྲོ། བྲག་གཡབ་ཀྱི་ལྷ་མོ་སོགས་སློབ་གྲྭར་དར་ཁྱབ་ཆེན་པོ་བྱུང་ཡོད།

མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་ཤུགས་ཆེན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་ཤུགས་ཆེན་བྱས་པས། མངོན་མིན་རིག་གནས་ཤུལ་བཞག་གི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་སོང་ཡོད། སློབ་གྲྭ་དང་སྡེ་ཁུལ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཁྲེང་ཏུའུ་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་དང་། ཧྲེན་ཀྲེན་རིག་གནས་དངོས་མང་སྟོན་ཚོགས། མཚོ་འགག་ངོགས་གཉིས་ཀྱི་རིག་གནས་དངོས་མང་སྟོན་ཚོགས། བོད་ཀྱི་རིག་གནས་དངོས་མང་སྟོན་ཚོགས་སོགས་ཀྱི་བྱེད་སྒོར་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཞུགས་པ། ལོ་ལྟར་གྱི་མངོན་མིན་རིག་གནས་ཤུལ་བཞག་ཉིན་མོར་འགྲེམས་འཁྲབ་དང་འགྲེམས་སྟོན་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་ཡོད།

མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡོད་པ།

མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་མཁན་ཡོད་དགོས། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཐབས་ལམ་སྣ་ཚོགས་བརྒྱུད་སྲོལ་རྒྱུན་གྱི་རྒྱུན་འཛིན་པ་གསོ་སྐྱོང་བྱས་ཡོད། ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་ཐང་ག་བཞེངས་མཁན་འཛིན་གྲྭ་བཙུགས་ཤིང་། མིག་སྔའི་བར་སློབ་མ་387བདེ་བླག་ངང་ཐོན་པ་དང་ད་དུང་སློབ་མ་299སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། སློབ་གྲྭ་ཐོན་རྗེས་སློབ་གྲྭས་སློབ་མ་ལས་ཞུགས་འོས་སྦྱོར་ཤུགས་ཆེན་བྱས་པས། སློབ་མ་རེའི་ཉིན་རེའི་ཡོང་འབབ་སྒོར་150ནས་500བར་ཟིན་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། སློབ་གྲྭས་ད་དུང་སྲོལ་རྒྱུན་ཞབས་བྲོའི་འཛིན་གྲྭ་བཙུགས་ནས་སྒྱུ་རྩལ་མི་སྣ་300གསོ་སྐྱོང་བྱས་པ་མ་ཟད། ཁོང་ཚོ་ཚང་མ་རྫོང་དང་ཆུས་ཁག་གི་སྒྱུ་རྩལ་ཚོགས་པར་ལས་ཀ་བཀོད་སྒྲིག་བྱས་ཡོད།

2020ལོར་ཆབ་མདོ་དང་ཧྥུའུ་ཅན་གྱིས་མཉམ་འབྲེལ་ཐོག་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་གཉེར་ཞིང་། གསོ་སྦྱོང་བརྒྱུད་མི་60ལྷག་ཙམ་གྱིས་ཐང་ག་བཞེངས་རྩལ་ཁོང་དུ་ཆུད་པ་དང་དེའི་ནང་ནས་ཐང་ག་བཞེངས་མཁན་20ལྷག་ཙམ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ནས་ཡིན་པ་རེད།

ཁ་རུབ་ཆུས་སྐར་མ་ཤང་གི་སྐལ་བཟང་ཚེ་རིང་ནི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་གྲོང་ཁྱེར་རིམ་པའི་རྒྱུན་འཛིན་པ་ཞིག་ཡིན་ཞིང་། ཐང་ག་བཞེངས་ནས་ལོ་13སོང་བའི་ཁོང་གིས་དགེ་ཕྲུག་30ལྷག་ཙམ་གསོ་སྐྱོང་བྱས་ཡོད། ཁོང་གིས་གསར་འགོད་པར“ང་རང་སྣུམ་ཚོན་རི་མོའི་གསོ་སྦྱོང་ལ་ཞུགས་ཐེངས་དང་པོ་ཡིན། འདི་ནི་ཐོབ་པར་དཀའ་བའི་གོ་སྐབས་ཤིག་རེད། ཐང་ག་དང་སྣུམ་ཚོན་རི་མོ་མཉམ་འདྲེས་བྱུང་ཚེ་ཐང་གར་ཐབས་ལམ་གསར་པ་ཞིག་ཡོང་ངེས་རེད”ཅེས་བརྗོད།

2019ལོར་ཆབ་མདོ་གྲོང་ཁྱེར་གྱིས་རྩལ་ནུས་མཐོ་རུ་བཏང་ནས་དབུལ་སྒྲོལ་གྱི་སྤྱིའི་མཛད་ཕྱོགས་ལ་རམ་འདེགས་བྱེད་པར་དམིགས་ནས་ཐང་ག་བཞེངས་པ་དང་། གསེར་ཟངས་རྡུང་རྩལ། འཇོ་མདའི་སྤོ་ལོའི་ཤིང་བརྐོས། བོད་སྨན་དང་སྤོས་བཟོ་རྩལ། ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྐོར་གྱི་གསོ་སྦྱོང་ཐེངས་25བྱས་པར་ཁྱོན་མི་ཐེངས་660ཞུཌ་ཡོད། དེའི་ཁྲོད་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་232དང་དབང་པོ་སྐྱོན་ཅན་4ཡོད། གསོ་སྦྱོང་བརྒྱུད་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཐུབ་པ་མ་ཟད། མི་འབོར་དབུལ་པོས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ནས་ཕྱུག་པོ་ཆཌ་ཡོད།

མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་བར་བྱས་པ།

མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་རིང་ཆབ་མདོ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་བ་དང་ཕྱིར་དྲིལ་བསྒྲགས་བྱེད་པའི་ལས་ཀའི་རྩ་དོན་མཐའ་འཁྱོངས་ཀྱིས་ལས་དོན་ཁག་ནན་ཏན་ངང་བསྒྲུབས་པ་མ་ཟད། རྫོང་དང་ཆུས་11གི་རིག་གནས་ཅུས་དང་མཉམ་འབྲེལ་ཐོག་བསྡུ་རུབ་དང་ལེགས་སྒྲིག་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཆེད་རྩོམ་མང་པོ་བཏོན་ཡོད།

《བོད་ལྗོངས་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་སྒྱུ་རྩལ》དང་། 《ཆབ་མདོའི་བྲོ》 《སྟེང་ཆེན་གྱི་རས་པ》 《སྨར་ཁམས་ཀྱི་པི་ཝང》 《གོ་འཇོའི་བྲོ》 《མཛོ་སྒང་གི་བྲོ》སོགས་འོད་སྡེར་བཟོས་ནས་བཏོན་པ་དང་། 《ཆབ་མདོའི་དམངས་ཁྲོད་གཏམ་དཔེ》དང་། 《ཆབ་མདོའི་དམངས་ཁྲོད་གླུ་གར》 《ཆབ་མདོའི་དམངས་ཁྲོད་སྒྲུང་གཏམ》 《ཆབ་མདོའི་བྲོ》 《བོད་ཤར་རྒྱུད་ཀྱི་གླུ་གར་སྒྱུ་རྩལ་རྒྱུན་འཛིན་གཅེས་བཏུས》 《ཀརྨ་སྒར་བྲིས་ཀྱི་ཐང་གའི་རི་མོ་གཅེས་བཏུས》 《རས་པའི་དཔྱད་རྩོམ་གཅེས་བཏུས》སོགས་དཔེ་དེབ་སྣ་ཚོགས་བཏོན་ཡོད།

2018ལོའི་སྐབས་དང་པོའི་ལྗོངས་ཡོངས་ཀྱི་རས་པ་འཁྲབ་སྟོན་དང་རས་པའི་སྒྱུ་རྩལ་མཐོ་རིམ་གླེང་སྟེགས་ཆབ་མདོར་འཚོགས་ཤིང་། ཡུན་ནན་དང་། མཚོ་སྔོན། ནག་ཆུ་སོགས་ཀྱི་འཐུས་མིའི་རུ་ཁག་ཞུགས་ཡོད། མཁས་དབང་དང་རིགས་གཅིག་མཁས་ཅན་40ཆབ་མདོར་འཛོམས་ནས་རས་པའི་སྒྱུ་རྩལ་སྲུང་སྐྱོང་རྒྱུན་འཛིན་དང་འཕེལ་རྒྱས་གསར་གཏོད་སྐོར་ལ་བགྲོ་གླེང་བྱས་པ་རེད།

མཐོ་རིམ་གླེང་སྟེགས་འདི་ཉིད་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་གསར་འབྱེད་རིམ་སྤོར་གྱི་གཞི་རྟེན་དུ་རིམ་བཞིན་གྱུར་ཡོད། 2019ལོར་སྐབས་དང་པོའི་ཆབ་མདོའི་སྒོར་གཞས་འཁྲབ་སྟོན་དང་སྒོར་གཞས་སྒྱུ་རྩལ་གྱི་མཐོ་རིམ་གླེང་སྟེགས་འཚོགས་ཤིང་། རུ་ཁག་22འཁྲབ་སྟོན་ལ་ཞུགས་པ་དང་པེ་ཅིང་དང་། ཐེན་ཅིན། སི་ཁྲོན། མཚོ་སྔོན། བོད་ལྗོངས་བཅས་ཀྱི་མཁས་དབང་དང་རིགས་གཅིག་མཁས་ཅན་40ལྷག་ཙམ་གྱིས་སྒོར་གཞས་སྒྱུ་རྩལ་གྱི་འབྱུང་རབས་དང་། རྒྱུན་འཛིན། སྲུང་སྐྱོང་སོགས་སྐོར་ལ་བགྲོ་གླེང་བྱས་པ་རེད།

2020ལོར་སྨར་ཁམས་རྫོང་གིས་སྐབས་དང་པོའི་ལྗོངས་ཡོངས་ཀྱི་པི་ཝང་ཞབས་བྲོ་འཁྲབ་སྟོན་དང་པི་ཝང་སྒྱུ་རྩལ་སྤེལ་རེས་བགྲོ་གླེང་ཚོགས་འདུ་འཚོགས་ནས་པི་ཝང་སྒྱུ་རྩལ་གྱི་ལོ་རྒྱུས་རྒྱུན་འཛིན་སྲུང་སྐྱོང་དང་དེ་བཞིན་འཕེལ་རྒྱས་སྐོར་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།

ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་བདེ་དགའ་དབང་མོས། གྲུབ་འབྲས་མང་པོ་འདི་འདྲ་ཐོབ་དོན་ནི་ཆབ་མདོ་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཆེད་གསར་གཏོད་དང་གསར་འབྱེད་རང་བཞིན་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་པས་ཡིན། ལས་དོན་དེ་དག་གིས་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་རིམ་བཞིན་གསོན་ཤུགས་འཕེལ་ཡོད་ལ། རིག་གནས་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ལ་མཛད་མཐའ་མེད་པའི་སྒུལ་ཤུགས་ཀྱང་སྦྱིན་ཡོད་ཅེས་བརྗོད།

(བཀྲ་ཤིས་ཚེ་དབང་གིས་བསྒྱུར)