《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月30日

སློབ་ཆུང་སློབ་མར་བདེ་འཇགས་སློབ་གསོ་གཏོང་ཐབས་རགས་ཙམ་གླེང་བ།

གྲུང་ཤ་དོད་ཅིང་། རྩེད་འཇོར་དགའ་བ་དང་། འཚུབ་རལ་རྩེ་བ་ནི་བྱིས་པའི་ལྷན་སྐྱེས་ཀྱི་རང་གཤིས་ཡིན་པས། ནར་མ་སོན་པའི་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་དགོས་ན། སློབ་སྦྱོང་དང་འཚོ་བའི་ཁྲོད་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད་ཅིང་། དེ་ནི་སྤྱི་ཚོགས་དང་། སློབ་གྲྭ། ཕ་མ་བཅས་ཀྱི་འདོར་ཐབས་མེད་པའི་འགན་འཁྲི་ཡང་རེད། དཔྱད་རྩོམ་འདིར་སློབ་ཆུང་སློབ་མར་སློབ་སྦྱོང་དང་འཚོ་བའི་ཁྲོད་བདེ་འཇགས་སློབ་གསོ་ཇི་ལྟར་གཏོང་དགོས་པའི་སྐོར་ལ་མདོ་ཙམ་གླེང་ཁུལ་བྱས་ཡོད།

བྱིས་པའི་བདེ་འཇགས་སློབ་གསོའི་ལྟེ་བ་ནི་བྱིས་པའི་རང་ངོས་རང་སྲུང་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཡིན་པས། བྱིས་པས་རིག་གནས་ཤེས་བྱ་སྦྱོང་བ་དང་ཆབས་ཅིག རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཟབ་མོ་ཞིག་གསོ་སྐྱོང་བྱེད་རྒྱུ་གལ་འགངས་ཆེ། བྱིས་པའི་བདེ་འཇགས་སློབ་གསོའི་ནང་དོན་ཁྱབ་རྒྱ་ཧ་ཅང་ཆེ་སྟེ། སློབ་གྲྭའི་བྱེད་སྒོའི་བདེ་འཇགས་དང་། མེ་ཟོན་བདེ་འཇགས། འགྲིམ་འགྲུལ་བདེ་འཇགས། ཟས་རིགས་འཕྲོད་བསྟེན་བདེ་འཇགས། དེ་བཞིན་ཆུ་དང་། གློག་སོགས་ཚང་མ་བདེ་འཇགས་སློབ་གསོའི་ནང་དོན་དུ་འདུ་ཆོག

གཅིག སློབ་ཆུང་སློབ་མར་བདེ་འཇགས་སློབ་གསོ་གཏོང་བའི་གཞི་རྩའི་ནང་དོན།

(1) སློབ་གྲྭའི་བྱེད་སྒོའི་བདེ་འཇགས་སློབ་གསོ།

སློབ་གྲྭའི་ནང་དུ་རྟག་ཏུ་བྱིས་པར་བྱེད་སྒོ་སྣ་ཚོགས་སྤེལ་དགོས་པས། བྱེད་སྒོ་སྤེལ་མཁན་ཡིན་ནའང་འདྲ། སྤེལ་གནས་དོ་དམ་བྱེད་མཁན་ཡིན་ནའང་རུང་། ཚང་མས་འབྲེལ་ཡོད་བྱིས་པའི་བདེ་འཇགས་འཕྲོད་བསྟེན་ཐད་ཀྱི་ཁྲིམས་སྲོལ་གྱི་བླང་བྱར་བརྩི་བཀུར་ཞུས་ནས་དོན་རྐྱེན་མི་ལྷག་པ་འགན་ལེན་བྱེད་དགོས། གྲུང་ཤ་དོད་པའི་བྱིས་པའི་ལྷན་སྐྱེས་ཀྱི་རང་གཤིས་ལ་གཞིགས་ནས། སློབ་གྲྭས་ཀྱང་བྱིས་པའི་བདེ་འཇགས་སློབ་གསོར་མཐོང་ཆེན་བྱས་ཏེ། སློབ་ཚན་དང་སློབ་གྲྭའི་ནང་གི་བྱེད་སྒོའི་དོ་དམ་ལ་ཤུགས་སྣོན་གྱིས་ཆུ་དང་གློག་ལ་སོགས་པ་དང་འབྲེལ་བའི་སྒྲིག་ཆས་ཁག་བདེ་འཇགས་ལྡན་པའི་ངང་བེད་སྤྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས་སྙམ།

(2) མེ་ཟོན་བདེ་འཇགས་ཐད་ཀྱི་སློབ་གསོ།

སློབ་གྲྭའི་ནང་གི་མེ་ཟོན་བདེ་འཇགས་ལས་དོན་ནི་སློབ་གསོ་སློབ་ཁྲིད་ཀྱི་བྱ་བ་བདེ་བླག་ངང་སྤེལ་ཐུབ་པའི་འགན་སྲུང་ཡིན་ལ། སློབ་མ་རྣམས་བདེ་འཇགས་ལྡན་པའི་ངང་སློབ་སྦྱོང་དང་འཚོ་བར་རོལ་ཐུབ་པའི་འགན་ལེན་ཡང་ཡིན་ཕྱིར། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་ཀྱི་རྩ་བ་རེད། དེས་ན་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་ལས་དོན་ཡག་པོ་སྤེལ་རྒྱུ་ནི་གལ་འགངས་ཧ་ཅང་ཆེ་བའི་ལས་དོན་ཞིག་ཏུ་མཐོང་།

(3) འཕྲོད་བསྟེན་ལ་དང་དོད་ཀྱི་སློབ་གསོ་རྒྱག་ཐབས།

ཚང་མས་མཁྱེན་གསལ་ལྟར། བཟའ་བཅའི་བདེ་འཇགས་ནི་བྱིས་པའི་བདེ་ཐང་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་པས། མི་རབས་རྗེས་མ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། སྤྱི་འབངས་ཡོངས་ཀྱི་བདེ་ཐང་དང་འབྲེལ་བའི་ལས་གཞི་ཞིག་རེད། དེས་ན་རྒྱུན་དུ་སློབ་མ་རྣམས་ལ་ཟས་རིགས་སྤྱོད་སྐབས་རང་ལུས་བདེ་སྲུང་ནུས་པའི་སློབ་གསོ་རྒྱག་དགོས་པ་དང་། ཁྱིམ་བདག་རྣམས་ལ་ཡང་དག་པའི་སྒོ་ནས་ཟས་རིགས་འདེམ་པ་དང་། ཚད་ལྡན་གྱི་ཟས་རིགས་གཡོས་སྦྱོར་བྱེད་པའི་སློབ་གསོ་རྒྱག་རྒྱུ་ཡང་ཧ་ཅང་གལ་ཆེ་བར་མཐོང་། དགེ་རྒན་གྱིས་དེ་བས་སློབ་མའི་ཟས་རིགས་བདེ་འཇགས་ཐད་ལ་མཉམ་འཇོག་བྱེད་དགོས་ཏེ། རྒྱུན་དུ་བྱིས་པར་བཟའ་བཏུང་གི་གོམས་གཤིས་བཟང་པོ་འཇགས་པར་བྱེད་པ་ལས། ཞར་ཞོར་ཀུན་ཏུ་རྔན་པ་ཟ་བ་དང་། དུས་ཚོད་ཡོལ་བ་དང་གཙང་བཙོག་གི་ཚད་ལོན་མི་ཤེས་པའི་ཟས་རིགས་བསྟེན་མི་རུང་བའི་སློབ་གསོ་རྒྱག་རྒྱུ་གལ་ཆེ།

(4) ཆུ་དང་། གློག རྡོག་རྫིས་ཐེབས་པ་སོགས་ཀྱི་ཉེན་ཁ་མི་ཐོན་པའི་བདེ་འཇགས་སློབ་གསོ་རྒྱག་ཐབས།

རྒྱུན་དུ་སློབ་མར་ཆུ་རྩེད་མི་བརྩེ་བ་དང་། ལྷག་པར་དུ་རྒྱུག་ཆུ་དང་གཙང་པོ་ལ་སོགས་པར་ཆུ་མི་བརྒལ་བ། གློག་གི་ཉེན་ཁ་ཡོད་སར་རྩེད་འཇོར་མི་རོལ་བ་དང་། ཇེམ་ཙེ་དང་གྲི་ཆུང་སོགས་ཀྱིས་གློག་ཡོད་པའི་གློག་སྐུད་མི་གཅོད་པ། ལྕགས་སྐུད་སོགས་ཁྱེར་ནས་གློག་ཉེན་ཡོད་སར་རྩེད་མོ་མི་བརྩེ་བ། མི་ཚོགས་སྟུག་སར་འཚང་ཁ་མི་རྒྱག་པ་སོགས་བདེ་འཇགས་ཐད་ཉེན་ཁ་ཡོད་པའི་ཁོར་ཡུག་ཏུ་མི་སྐྱོད་པའི་སློབ་གསོ་རྒྱག་རྒྱུ་གལ་ཆེ་བར་མཐོང་།

གཉིས། སློབ་ཆུང་སྐབས་བྱིས་པར་བདེ་འཇགས་སློབ་གསོ་རྒྱག་ཐབས།

(1) དཔེ་མཚོན་དྲངས་ནས་གསོན་ཉམས་དོད་པོས་སློབ་གསོ་རྒྱག་ཐབས།

སློབ་ཆུང་དུས་རིམ་སྐབས་སློབ་གསོ་རྒྱག་པའི་ཐབས་ལམ་ཡག་ཉེས་ནི་བྱིས་པའི་དང་བ་འདྲེན་ཐུབ་མིན་གྱི་འགག་གནད་ཡིན་པས། སློབ་ཆུང་སློབ་མས་བྱིས་པའི་བདེ་འཇགས་སློབ་གསོར་དབྱིངས་མི་ཞུགས་པ་ནི་སློབ་གསོ་རྒྱག་མཁན་གྱིས་སློབ་ཁྲིད་བྱ་ཐབས་རྗེས་ལུས་དང་། གསོན་ཉམས་དོད་པོ་མེད་པའི་རྐྱེན་གྱིས་རེད། དཔེ་མཚོན་དྲངས་ནས་སློབ་གསོ་རྒྱག་ཐབས་ནི་སློབ་གསོའི་ཐབས་ཤེས་བཟང་པོ་ཞིག་ཡིན་པས། སློབ་ཆུང་སློབ་མའི་བདེ་འཇགས་སློབ་གསོ་རྒྱག་སྐབས་སྔོན་ཆད་འཚོ་བའི་ཁྲོད་ལྷག་ཟིན་ཅིང་། བསླབ་བྱར་བླང་ཆོག་པའི་དཔེ་མཚོན་མང་ཙམ་དྲངས་ནས་འཚོ་བ་དངོས་དང་སྦྱར་ན་སློབ་མས་དེར་ཉན་སྤྲོ་བའི་དང་བ་འདྲེན་ཐུབ་སྙམ།

(2) སྣང་ཚུལ་མྱོང་རོལ་གྱི་རྣམ་པའི་སློབ་གསོ་བརྒྱུད་ཚེ་སྲོག་བདེ་འཇགས་ཀྱི་རིན་ཐང་ཤེས་སུ་འཇུག་ཐབས།

སྣང་ཚུལ་དངོས་མྱོང་རོལ་བྱེད་དུ་འཇུག་པའི་སློབ་གསོ་རྒྱག་ཐབས་ནི་སློབ་གསོའི་ཐབས་ལམ་ཕུལ་དུ་བྱུང་བ་ཞིག་ཡིན་ཏེ། དེར་རིག་པའི་གཞུང་ལུགས་ཀྱི་ཚད་བཀག་མེད་ལ་རིག་ཚན་གང་ཞིག་གི་ཚད་བཀག་ཀྱང་མེད་པས། འཚོ་བའི་ཁྲོད་དུ་ལྷག་བཞིན་པའི་སྣང་ཚུལ་ཅི་རིགས་མྱོང་རོལ་དངོས་བརྒྱུད་དེའི་དགེ་སྐྱོན་ལ་བླང་དོར་བྱར་རུང་བས་གོ་བ་ལེན་དཀའ་བའི་རིག་གཞུང་གི་ནང་དོན་ནམ། དོན་སྤྱི་རགས་བཤད་ཀྱི་ནང་དོན་གང་ཞིག་འཚོ་བ་དངོས་དང་ཟུང་དུ་འབྲེལ་ནས་ཟབ་འཇུག་བྱས་པ་བརྒྱུད། དེའི་དོན་བདེ་བླག་ངང་རྟོགས་ཐུབ་པའི་ཁྱད་ཆོས་ཡོད་པས། ཕྱི་རོལ་ཡུལ་གྱི་སྣང་ཚུལ་ལམ། གློ་བུར་ཐོན་སྲིད་པའི་འཇིགས་ཉེན་གང་ཞིག་ལ་བདེ་བླག་ངང་གོ་བ་ལེན་ཐུབ་པས། ང་ཚོས་སྣང་ཚུལ་དངོས་མྱོང་རོལ་གྱི་བདེ་འཇགས་སློབ་གསོའི་ཐབས་ལམ་སྤྱོད་གལ་ཡང་ཆེ་སྙམ།

(3) བྱིས་པའི་བློ་སྐྱེད་ནུས་པར་གཞིགས་ནས་ཚེ་སྲོག་བདེ་འཇགས་ཀྱི་རིན་ཐང་ཤེས་སུ་འཇུག་པ།

བྱིས་པའི་སེམས་ཁམས་རིག་པ་ལས། བྱིས་པ་ནི་སྣང་བ་ཧ་ཅང་གཡེང་བདེ་བས་རིག་པ་རྩེ་གཅིག་ལ་སྒྲིམ་དཀའ། མིག་སྔར་སློབ་གྲྭའི་ནང་གི་བདེ་འཇགས་སློབ་གསོ་རྒྱག་ཐབས་དགེ་རྒན་གྱིས་གསུང་བ་དང་། སློབ་མས་ཉན་པའི་སྲོལ་རྒྱུན་གྱི་སློབ་གསོ་རྒྱག་ཐབས་གཙོ་བོར་བཟུང་བ་ཡིན་པས། དགེ་རྒན་གྱིས་གསུངས་པའི་ཚིག་དོན་ཆེད་ལས་ཤས་ཆེ་དྲགས་པའམ། ཚིག་རྙོག་ཕོན་ཆེ་དྲགས་ན་སློབ་མའི་རིག་པ་རྩེ་གཅིག་ཏུ་འདུ་དཀའ་ལ། དེ་བས་གོ་བ་ལེན་དཀའ། དེས་ན་རྒྱུན་དུ་དགེ་རྒན་གྱིས་གང་ཐུབ་བྱིས་པའི་བློ་དང་མཐུན་པའི་སྐད་བརྡ་སྤྱོད་པ་དང་། བྱིས་པར་བསམ་ཚུལ་གླེང་དུ་འཇུག་པ། བྱིས་པའི་བསམ་པ་སྔོག་འདོན་བྱེད་པ་སོགས་མདོར་ན་བྱིས་པར་བདེ་འཇགས་སློབ་གསོར་རྒྱག་སྐབས་བྱིས་པའི་བློ་སྐྱེད་ནུས་པར་བསམ་གཞིག་གིས་གང་ལ་དེ་འཚམ་གྱིས་སློབ་གསོ་བརྒྱབ་ན། བྱིས་པས་ཚེ་སྲོག་བདེ་འཇགས་ཀྱི་རིན་ཐང་ལ་ཡང་དག་པའི་ལྟ་བ་ཆགས་པར་ཕན་པ་མི་དམན་པ་ཐོན་སྙམ།

(ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ཚེ་རིང་བཀྲ་ཤིས)