《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月30日

བོད་རྒྱ་ས་མིང་ཡིག་སྒྱུར་གྱི་སྒྱུར་སྐྱོན་དང་དེའི་རྩ་དོན་སྐོར་རགས་ཙམ་གླེང་བ།

སྤྱིར་ས་མིང་ནི་ལོ་རྒྱུས་རིག་གནས་ཀྱི་འཕེལ་རིམ་ཁྲོད་ལས་བྱུང་ཞིང་། དེ་ནི་མི་རྣམས་ཀྱི་ལས་དོན་དང་འཚོ་བ། འབྲེལ་འདྲིས་བཅས་ཀྱི་ཁྲོད་དུ་ཆེས་དགོས་མཁོ་ཆེ་བའི་ཡོ་ཆས་ལྟ་བུ་ཡིན་པ་དང་། དེར་ཡང་མི་རིགས་ཀྱི་རང་བཞིནདང་། སྤྱི་ཚོགས་ཀྱི་རང་བཞིནདང་། དུས་རབས་ཀྱི་རང་བཞིན། ས་ཁོངས་ཀྱི་རང་བཞིན་སོགས་ཀྱི་ཁྱད་ཆོས་དུ་མ་ཡོད་ལ། དེང་སྐབས་ཆ་འཕྲིན་ཚན་རྩལ་གྱི་འཕེལ་རྒྱས་གོང་མཐོར་འགྲོ་བའི་སྤྱི་ཚོགས་ཁྲོད་དུ་ས་མིང་གི་རིག་གནས་ནི་མཚོན་རྟགས་ཙམ་ཞིག་མ་ཡིན་པར། དེས་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་འཕེལ་རྒྱས་དང་། རིག་གནས་དར་འཕེལ་གཏོང་བ་སོགས་ཀྱི་ཐད་ལ་གལ་ཆེའི་ནུས་པ་ཐོན་གྱི་ཡོད། རང་ཅག་ལ་མཚོན་ན། གནའ་ནས་ད་བར་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱིས་ཕྱུག་ཅིང་། དེའི་ནང་དུ་ཡང་སྐད་དང་ཡི་གེ་ནི་རྩ་བའི་ཆར་གྱུར་ཡོད། བོད་སྐད་ནི་ཡུལ་སྐད་ཆེན་པོ་གསུམ་དུ་འབྱེད་པ་དང་། དེ་དག་གི་ཆར་གཏོགས་པའི་ཡུལ་ལུང་སོ་སོའི་ས་མིང་དག་ཀྱང་རྒྱ་ཡིག་སོགས་ཡིག་རིགས་གཞན་ལ་སྒྱུར་སྟངས་མི་འདྲ་བ་སྣ་ཚོགས་ཡོད། དེ་འདྲའི་སྒྱུར་སྟངས་ཀྱིས་གནད་འགག་ཆུང་ས་ནས་བཤད་ན། མི་རྣམས་ལ་ཀློག་མི་བདེ་བ་དང་གོ་བ་འཁྲུལ་དུ་འཇུག་པ་སོགས་ཀྱི་གནད་དོན་ཐོན་པ་དང་། ཆེ་ས་ནས་བཤད་ན། ས་མིང་གཅིག་གྱུར་ལ་འགོག་རྐྱེན་བཟོ་ཉེན་ཡོད།

དེར་བརྟེན། དཔྱད་གཞིའི་ཡིག་ཆ་དང་ཟུར་བལྟའི་དཔེ་ཆ་ཟུང་འབྲེལ་བྱས་ནས་བོད་ཀྱི་ས་མིང་གི་ལོ་རྒྱུས་ལ་རྒྱུས་ལོན་ཡོང་བ་དང་། དེ་ལས་བོད་ཀྱི་ཡུལ་ལུང་ཁག་གི་ས་མིང་སྒྱུར་སྟངས་ཀྱི་དབྱེ་བའི་ཁྱད་ཆོས་ཤེས་འཚོལ་ཐུབ་པར་བྱས་ནས། ཁྱད་ཆོས་དེ་དག་གཞིར་བཟུང་ནས་དཔེ་ལ་སྦྱར་ཏེ་ཕན་ཚུན་བསྡུར་བའི་ཐབས་ཀྱིས་ཡུལ་སོ་སོའི་ས་མིང་གི་སྒྱུར་སྟངས་ཀྱི་དབྱེ་བ་དང་ཧེ་བག་ཆུང་དུ་བཏང་ནས་བོད་མི་ཡོངས་ཀྱི་ངག་ནས་འདོན་ཐུབ་ལ་གོ་བ་ཡང་དག་ལེན་ཐུབ་ཕྱིར། ཡུལ་ལུང་ཁག་སོ་སོའི་ས་ཆའི་གཞི་ཁྱོན་ཆེ་ས་ཁོ་ནར་མ་བལྟོས་པར་ཆེ་ཆུང་གཉིས་ཀའི་ཐོག་ནས་བོད་རྒྱ་ས་མིང་ཡིག་སྒྱུར་གྱི་སྒྱུར་སྐྱོན་སྐོར་ལ་དཔྱད་པ་རགས་ཙམ་བྱས་པ་ཡིན།

གཅིག བོད་རྒྱ་ས་མིང་གི་སྒྱུར་སྐྱོན།

སྤྱིར་བོད་ཁུལ་གྱི་ས་མིང་དག་རྒྱ་སྐད་ཡིག་ལ་སྒྱུར་སྐབས་གནད་དོན་དང་སྐྱོན་ཆ་དུ་མ་ཐོན་སྲིད་པས། དེ་དག་གིས་གཅིག་ནས་རིག་གནས་དར་སྤེལ་དང་མི་རིགས་ཕན་ཚུན་གྱི་འབྲེལ་འདྲིས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་གེགས་སུ་འགྱུར་ཉེན་ཡོད་པས། གཤམ་དུ་དེ་དག་གི་སྒྱུར་སྐྱོན་གཙོ་ཆེ་བ་ཁག་གསུམ་དཔེ་དང་སྦྱར་ནས་གླེང་བར་བྱ།

1.སྒྲ་སྒྱུར་ཐལ་དྲགས་པའི་སྐོར།

རྒྱ་བོད་ཡིག་སྒྱུར་སྐོར་གྱི་ཞིབ་འཇུག་པ་མང་པོས་སྒྲ་སྒྱུར་བྱེད་སྐབས་སུ་རང་སྣང་གང་འཆར་དང་བཙན་གྱིས་ཡིག་སྒྱུར་བྱེད་མི་ཆོག་པའི་སྐོར་ལ་ཡིག་སྒྱུར་གཞུང་ལུགས་ཀྱི་ཕྱི་མོ་ལྟར་དུ་གྱུར་པའི《སྒྲ་སྦྱོར་བམ་གཉིས》ནང“……སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན། སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། ……བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་ཀུན་འདུ་བར་ཡང་མི་བཏུབ་སྟེ། མི་བསྒྱུར་བར་རྒྱ་གར་སྐད་རང་སོར་ཞོག་ཅིག”ཅེས་བསྟན་ཡོད་མོད། མ་ཡིག་གི་བསྟན་དོན་ནི་ཐད་སྒྱུར་དང་དོན་སྒྱུར་གང་རུང་བྱེད་ཐུབ་པ་རྣམས་བཙན་གྱིས་སྒྲ་བསྒྱུར་བྱས་པ་ནི་ཅུང་མི་འཐད་པར་མཐོང་ཞིང་། ལྷག་པར་དུ་ས་མིང་གི་ཡིག་སྒྱུར་ཁྲོད་དུ་ཐད་སྒྱུར་དང་དོན་སྒྱུར་བྱེད་ཐུབ་པ་རྣམས་བཙན་གྱིས་སྒྲ་སྒྱུར་བྱས་པའི་གནས་ཚུལ་མང་དུ་ཡོད་པར། དཔེར་ན། “ཚོང་འདུས”ལ“充堆”ཞེས་སུ་བསྒྱུར་བ་དང་། “སྟོང་གཤོངས”ལ“东雄”ཞེས་སུ་བསྒྱུར་བ་ལྟ་བུའོ། ཡང་དཔེར་ན། “ལྷོ་ཁ་ས་ཁུལ”ལ་“山南地区”ལྟ་བུར་མཚོན་ན། གོང་གི་དཔེ་དེ་གཉིས་དང་རྩ་བ་ནས་མི་འདྲ་སྟེ། དེ་ནི་གཅིག་ནས་ཐད་སྒྱུར་དང་དོན་སྒྱུར་གཉིས་ཀྱི་ཐོག་ནས་བསྒྱུར་ཡོད་ཅིང་བཙན་གྱི་སྒྲ་སྒྱུར་རྩ་བ་ནས་བྱས་མེད་པ་རེད། གལ་ཏེ་བཙན་གྱི་སྒྲ་སྒྱུར་བྱས་ན་རྒྱ་ཡིག་ཏུ“洛卡地区”ལྟ་བུར་བསྒྱུར་ཉེན་ཡོད། དེ་ལྟར་ཡིག་སྒྱུར་བྱས་ན་གོ་དོན་རྟོགས་དཀའ་བའི་གནས་ཚུལ་ཐོན་སྲིད་པ་དང་། ད་དུང་ལོ་ཙཱའི་ཚད་གཞི་ལས་འགལ་ཡོད་པ་ནི་གསལ་པོར་རྟོགས་ཐུབ་པས་དེ་ལྟར་སྒྱུར་བ་ནི་ཡང་མི་དག་པའི་སྒྱུར་ཐབས་ཤིག་ཏུ་འདོད།

2.རྒྱ་ཡིག་གི་ངོས་ནས་ནང་དོན་ཅི་ཡིན་ཆ་མི་འཚལ་བའི་སྐོར།

སྤྱིར་མི་རིགས་ཁག་གི་རིག་གནས་དང་དཔལ་འབྱོར། འཚོ་བའི་ཁོར་ཡུག་སོགས་ཀྱི་ཁྱད་པར་སྣ་ཚོགས་ལས་ཡིག་སྒྱུར་ཁྲོད་དུ་མ་ཡིག་གི་བརྗོད་དོན་ཏེ་སྒྱུར་ཡིག་ཁྲོད་ཇི་བཞིན་མཚོན་མི་ཐུབ་པའམ། ཡང་ན་བརྡ་མིང་གསར་པ་འདོགས་དགོས་པ་ལ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་མོད། འོན་ཀྱང་། ཡིག་སྒྱུར་བྱ་བར་འཇུག་སྐབས་ངེས་པར་དུ་ཨང་དང་པོར་བསམ་གཞིག་བྱ་དགོས་པ་ནི་མ་ཡིག་གི་བརྗོད་དོན་འགྱུར་ཡིག་ཁྲོད་དུ་ཇི་ལྟར་ཡང་དག་པའི་སྒོ་ནས་མཚོན་པར་བྱེད་དགོས་མིན་ཡིན་ཞིང་། རྒྱའི་ལོ་ཙཱའི་གཞུང་ལུགས་མཁས་པ་ཡན་ཧྥུ་ཡིས་ལོ་ཙཱའི་ཚད་གཞིར“མཐུན་བདེ་སྙན”(信达雅)ཞེས་བཏོན་པའི་ནང་གི“མཐུན”ནི་ཨང་དང་པོར་འཇོག་དགོས་པའང་གཙོ་བོ་བརྗོད་བྱ་དོན་གྱིས་ཡིག་སྒྱུར་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད་པ་གསལ་བཤད་གནང་ཡོད། ད་དུང་ང་ཚོ་བོད་ཀྱི་ལོ་ཙཱའི་ཚད་གཞི་ལ་དོན་དང་མི་འགལ་ལ་བོད་སྐད་ལ་ཡང་གོ་བདེ་བར་གྱིས་ཤིག་ཅེས་བསྟན་ཡོད། གལ་ཏེ་ས་མིང་གི་ཡིག་སྒྱུར་བྱ་བའི་ཁྲོད་དུ་སྒྱུར་ཡིག་གི་བརྡ་ཆད་ཀྱི་ངོས་ནས་ནང་དོན་ཅི་ཡིན་ཆ་མི་འཚལ་བ་ཡིན་ན། དེ་ནི་ས་མིང་དེས་མིང་གི་དགོས་པ་བསྟན་མི་ཐུབ་པར་གྱུར་འགྲོ་བས་སྤང་བྱའི་གནད་ཡིན་པར་སེམས།

དཔེར་ན། དམིགས་གསལ་ཆེ་བའི་ཡུལ་མིང་འགའ་དཔེར་བཞག་ན། “རྒྱ་མཚོ་ཤང”ལ“甲措乡”ལྟ་བུར་མཚོན་ན། མ་ཡིག་གི“རྒྱ་མཚོ་ཤང”ཞེས་པ་ནི་བོད་ཡིག་ནས་གོ་བ་བླངས་ན། “རྒྱ་མཚོ”ནི་ཆུ་བོ་ཆེན་པོ་རྒྱ་མཚོར་ལྷུང་ཟེར་བ་ལྟར་རྒྱ་ཡིག་ནང་གི“大海”ལ་གོ་བ་ཡིན། ཡིན་ནའང་། འགྱུར་ཡིག་ཏུ“甲措乡”ཞེས་པའི་ཡི་གེ་“甲”ནི་དབྱིན་ཇིའི་སྐད་ཡིག་ནང་གི་དབྱངས་གསལ་ཉེར་དྲུག་ལས་རིམ་པ་ཨང་དང་པོར་གནས་ཡོད་པའི་ཡིག་འབྲུ་“A”དང་འདྲ་བར་རྒྱ་ཡིག་ནང་གི་གོ་རིམ་ཨང་དང་པོར་གནས་པའི་ཡི་གེ་ཞིག་ཡིན་པ་དང་། ཡི་གེ“措”ཞེས་པ་ནི་རྒྱ་ཡིག་ནང་དུ་ལས་དོན་སོགས་ཀྱི་འཆར་གཞི་འགོད་པ་ལ་གོ་བ་ཡིན་པས། དེ་གཉིས་ཀྱི་ནང་དོན་མ་ཡིག་གི་ནང་དོན་ལས་ཡོངས་སུ་འགལ་བར་སྙམ།

3.རིག་གནས་ཀྱི་སྤྱི་འགྲོས་དང་མི་མཐུན་པའི་སྐོར།

མི་རིགས་ཀྱི་རིག་གནས་དར་སྤེལ་དང་འཕེལ་རྒྱས་འགྲོ་དགོས་ན་སྐད་ཡིག་གི་བཀོལ་སྤྱོད་རྒྱ་ཆེ་ཆུང་དང་འབྲེལ་བ་དམ་པོ་ཡོད་པས། བཀོལ་རྒྱ་ཇི་ལྟར་ཆེ་ན་ཡང་མི་རིགས་གང་དེའི་རིག་གནས་དང་སྐད་ཡིག་འཕེལ་རྒྱས་འགྲོ་བ་ནི་ཆོས་ཉིད་རེད། དེར་བརྟེན། རྒྱ་བོད་ས་མིང་གི་ཡིག་སྒྱུར་ཡང་དག་དང་ཚད་ལྡན་ཞིག་ཡོང་བར་རིག་གནས་ཀྱི་སྤྱི་འགྲོས་དང་བསྟུན་ཐུབ་པ་དགོས། དེ་ལྟར་བྱུང་ན་གཅིག་ནས་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུར་ཕན་ནུས་ཆེན་པོ་ཐོན་པ་དང་། གཉིས་ནས་ས་མིང་གི་ཡིག་སྒྱུར་ལས་དོན་སྔར་བས་འཐུས་སྒོ་ཚང་དུ་གཏོང་ཐུབ་ངེས་ཡིན།

གཉིས། ས་མིང་ཡིག་སྒྱུར་གྱི་རྩ་དོན་བརྗོད་པ།

ཐོག་མར་རྩ་དོན་ཞེས་པ་ནི་ཅི་འདྲ་ཞིག་ཡིན་མིན་ཤེས་དགོས་ཏེ། དེ་ཡང་དཔྱད་གཞིའི་ཡིག་ཆའི་ནང་དུ“རྩ་དོན་ཞེས་པ་ནི་རྩ་བའི་དོན་གནད་དམ་ངོ་བོའི་གནས་ལུགས་ལ་གོ་དགོས་ཤིང་། རྩ་དོན་དང་ཚད་གཞི་གཉིས་ནི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཞིག་ཡིན་པ་སྟེ། རྩ་དོན་ལ་གཞིགས་ནས་བྱ་བ་སྒྲུབ་པའི་ཚད་གཞི་བྱུང་བ་དང་། རྩ་དོན་དེ་ཉིད་མངོན་སུམ་དོན་འཁྱོལ་བྱེད་པར་ཚད་གཞི་ལ་བརྟེན་དགོས་པ་ཡིན”ཞེས་འཁོད་ཡོད།

ང་ཚོས་བྱ་བ་ཅི་ཞིག་བསྒྲུབས་ཀྱང་སྲུང་དགོས་པའི་བཅའ་ཁྲིམས་སམ་ཡང་ན་སྒྲིག་ཁྲིམས་ལྟ་བུ་ཡོད་ངེས་ཡིན་ལ། རྣམ་ཀུན་ཡིག་སྒྱུར་གྱི་བྱ་བར་ཞུགས་ན་ཡང་སྲུང་བརྩི་བྱ་དགོས་པའི་ལོ་ཙཱའི་རྩ་དོན་དུ་མ་ཡོད། དེ་དག་ནི་མི་རིགས་ཁག་དང་རྒྱལ་ཁབ་ཁག་གི་ལོ་ཙཱའི་ཞིབ་འཇུག་པ་མཁས་པ་མང་དག་ཅིག་གིས་དེའི་ཁྲོད་ཀྱི་རྩ་དོན་གྱི་གཞུང་ལུགས་དུ་མ་འདོན་སྤེལ་གནང་ཡོད་པ་མ་ཟད། རྗེས་རབས་པ་ཚོས་ཀྱང་རྩ་དོན་དེ་རིགས་གཞིར་བཟུང་སྟེ་སྔ་ནས་ད་ལྟའི་བར་དུ་བསྒྱུར་རྩོམ་སྤུས་དག་རི་བོ་ཆེ་ལྟར་སྤུངས་ཡོད་པ་རེད། རང་རེའི་ས་མིང་ལོ་ཙཱའི་རིག་གནས་གྱི་ཐད་ལ་ཡང་མེས་པོ་རྣམས་ཀྱི་དཀའ་བ་སྤྱད་ནས་ལེགས་སྐྱེས་རབ་དང་རིམ་པ་ཕུལ་ཡོད། ང་ཚོ་ཡིག་སྒྱུར་ལས་ལ་འཇུག་མཁན་ཞིག་ལ་མཚོན་ན། མེས་པོ་རྣམས་ཀྱི་ཤུལ་དུ་བཞག་པའི་རིག་པའི་གཞུང་ལུགས་དག་ལ་སྲུང་བརྩི་ཞུས་ནས་ཡིག་སྒྱུར་གྱི་ལམ་བུར་བསྐྱོད་ན་བཟང་བར་སེམས། དུས་མཚུངས་སུ་ས་མིང་ཡིག་སྒྱུར་གྱི་བྱ་བའི་ཁྲོད་དུ་སྲུང་བརྩི་བྱེད་དགོས་པའི་རྩ་དོན་འགའ་གཤམ་དུ་གླེང་བ་ལ།

དང་པོ། ས་མིང་གི་ཡིག་སྒྱུར་ཁྲོད་ཨང་དང་པོར་སྲུང་བརྩི་བྱེད་དགོས་པའི་རྩ་དོན་ནི་གོ་དོན་རྟོགས་སླ་བའི་རང་བཞིན་དེ་ཡིན།

ང་ཚོས་འགྱུར་ཡིག་ཁྲོད་དུ་བརྡ་ཆད་གསར་པ་ཡི་གེའི་མཛེས་ཉམས་ཅི་འདྲ་ལྡན་པ་སྤྱད་ན་ཡང་། དེའི་མ་ཡིག་གི་བརྗོད་དོན་དང་མ་མཐུན་ན་ཕྱི་མཛེས་ནང་སྟོང་ཟེར་བའི་བཤད་སྲོལ་ལྟར་གྱུར་འགྲོ་བས་དོན་སྙིང་རྩ་བ་ནས་མེད་དེ། ཕྱོགས་གཅིག་ནས་བརྡ་ཆད་ཀྱི་མཛེས་ཉམས་ཡོད་དགོས་ལ་གོ་དོན་ཡང་རྟོགས་སླ་བའི་ནུས་པའང་ལྡན་དགོས་པ་ཡིན། གཉིས་པ། བསྡུས་གསལ་གྱི་རང་བཞིན་ལ་སྲུང་བརྩི་བྱ་དགོས།

ས་མིང་ནི་མིང་བརྡ་དང་ཐ་སྙད་ཀྱི་ཡིག་སྒྱུར་ཡིནཔས། གཞན་ཚིག་གྲུབ་དང་བརྗོད་པ་ལ་སོགས་དང་མི་འདྲ་བར་སྡེབ་སྦྱོར་ཐད་ལ་སྣང་ཆེན་དེ་ཙམ་བྱེད་མི་དགོས་ཀྱང་། དེ་ལ་ཡང་སྣང་ཆུང་རྩ་བ་ཉིད་ནས་བྱེད་མི་རུང་སྟེ། ས་མིང་གི་ཡིག་སྒྱུར་བསྡུས་ཤིང་གསལ་བ་ཞིག་ཡོང་བར་བྱ་རྒྱུར་དོ་སྣང་བྱེད་དགོས་པ་ཡིན།

མདོར་ན། སྤྱིར་རིག་གནས་དང་། ཆབ་སྲིད། དཔལ་འབྱོར་དེ་གསུམ་ནི་ས་གོ་ལ་འདིའི་ཐོག་ཏུ་འཚོ་བཞིན་གནས་ཡོད་པའི་མི་ཚོགས་ཁྲོད་དུ་མེད་དུ་མི་རུང་བའི་བྱ་གཞག་ཡིན་ཞིང་། བྱ་གཞག་དེ་དག་སྒྲུབ་པའི་བརྒྱུད་རིམ་ཁྲོད་ལོ་ཙཱའི་ལས་དོན་ནི་ཧ་ཅང་གི་གཟི་བརྗིད་ཆེ་བ་ཞིག་རེད་ལ། དེ་ནི་རྒྱ་ཆེའི་ལོ་ཙཱ་བ་ཚོའི་འོས་འགན་ལྕི་པོ་ཞིག་ཀྱང་ཡིན་པ་ནི་ཚང་མས་མཁྱེན་དགོས་པར་སེམས། དེ་ལས་ས་མིང་ཡིག་སྒྱུར་གྱི་ལས་དོན་ནི་ཡུལ་སྐོར་དང་མི་རིགས་ཕན་ཚུན་གྱི་རིག་གནས་འབྲེལ་འདྲིས་ལ་སོགས་པའི་ཁྱབ་ཁོངས་ཁྲོད་དུ་ནུས་པ་ལྷག་པར་ཆེ་ལ། རིག་གནས་དང་དཔལ་འབྱོར་ལ་སོགས་པ་འཕེལ་རྒྱས་གཏོང་ཆེད་ཀྱི་ཡོ་བྱས་བཟང་ཤོས་ཀྱང་ཡིན་པས། རྒྱ་བོད་ས་མིང་གི་ཡིག་སྒྱུར་ལ་མཐོང་ཆེན་བྱེད་དགོས་པར་སྙམ།

(གམ་པ་རྫོང་གུར་མེ་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་དབྱངས་ཅན)