《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月29日

ཁྱིམ་ཚང་དང་བྱ་གཞག་ཡོད་པས་སྐྱིད་པོ་འདུག

—— བློ་བཟང་སྦྱིན་པའི་ཁྱིམ་གྱི་དབུལ་སྒྲོལ་གཏམ་རྒྱུད།

གསར་དུ་བརྒྱབ་པའི་བོད་བཟོའི་ཁང་པའི་མདུན་དུ་བློ་བཟང་སྦྱིན་པས་ཁང་བདག་གི་འདོད་བློ་བཞིན་མཛེས་བཟོ་བྱེད་ཅིང་། ཤིང་བཟོ་བྱེད་པ་དང་། སོ་ཕག་དཀར་རྩི་མ་སྦྱོར་བ། ཚོན་གཏོང་བ། གྱང་ཤོག་སྦྱོར་བ་སོགས་མཛེས་བཟོའི་ལས་ཀ་བྱེད་བཞིན་འདུག་ལ་ཟླ་གཉིས་ཀྱི་རྗེས་ཁང་པ་གསར་པའི་མཛེས་བཟོའི་ལས་ཀ་ལེགས་གྲུབ་ཟིན་རྒྱུ་རེད།

“དགུན་དུས་ཨར་ལས་ལས་མཚམས་བཞག་པས་ངས་གང་སར་ཕྱིན་ནས་ཁང་པ་མཛེས་བཟོ་བྱས་པས་ཡོང་འབབ་མི་ཉུང་བ་ཞིག་བྱུང”ཞེས་བློ་བཟང་སྦྱིན་པས་བཤད།

ལོ་25ལ་སླེབས་པའི་ལོ་དེར་བློ་བཟང་སྦྱིན་པ་ཕ་ཡུལ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་མདོ་རམ་གྲོང་ཚོ་ནས་འདམ་སྐྱོ་གྲོང་ཚོར་གནས་སྤོས་ནས་ཁྱིམ་ཚང་བཟུང་བ་དང་ཁྱིམ་མི་ཡོངས་རི་ཁུག་གི་ཁང་པ་རྙིང་པར་སྡོད་ཀྱི་ཡོད་ཅིང་། རི་ཁུག་གི་ཆ་རྐྱེན་ཞན་པའི་ཁར། ལོ་ན་རྒས་པའི་སྒྱུག་མོ་དང་། གཅོང་ནད་ཕོག་པའི་བཟའ་ཟླ། དེ་བཞིན་སློབ་གྲྭར་འགྲོ་མུས་ཀྱི་ཕྲུ་གུ་གཉིས་པོ་བཅས་ཚང་མ་འཚོ་སྐྱོང་བྱེད་དགོས་པས་བློ་བཟང་སྦྱིན་པར་ཕྱི་རོལ་དུ་གླ་པ་རྒྱུག་པའི་གོ་སྐབས་བྱུང་མེད།

སྟབས་ལེགས་པ་ཞིག་ལ་བློ་བཟང་སྦྱིན་པ་ཁང་པ་རྒྱག་པ་དང་། མཛེས་བཟོ་བྱེད་པ། བྱེ་རྡོ་དབོར་འདྲེན་སོགས་ཀྱི་ལས་ཀ་འཇོན་པོ་ཡོད་པས་དགུན་ཁ་སླེབས་རིམ་བཞིན་ཁོང་གིས་ཁྱིམ་གྱི་ཉེ་འགྲམ་དུ་ལས་ཀ་བཙལ་ནས་འཚོ་བའི་འགྲོ་སོང་ཁ་གསབ་བྱེད་ཀྱི་ཡོད།

2015ལོར་བློ་བཟང་སྦྱིན་པ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གནད་སྨིན་གཏན་འཁེལ་བྱས་ཤིང་། 2016ལོར་ཁོང་ཞིང་འབྲོག་པའི་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་པས་ཁ་ལོ་བའི་ལག་ཁྱེར་རག་པ་རེད། 2017ལོ་དང་2018ལོར་གནད་སྨིན་དབུལ་སྐྱོར་གྱི་གཟིགས་སྐྱོང་དངུལ་བུན་གྱི་སྲིད་ཇུས་བརྒྱུད་བློ་བཟང་སྦྱིན་པས་སྔ་རྗེས་སུ་རླངས་འཁོར་ཆེ་གྲས་གཅིག་དང་ཨར་འདམ་སྐྱེལ་འདྲེན་རླངས་འཁོར་ཞིག་ཉོས་པ་མ་ཟད། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་རོགས་རམ་འོག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཁྲང་དབྱི་ཨར་འདམ་ས་ཚིགས་དང་སན་ཧྥེང་བྱེ་རྡོ་བཟོ་གྲྭར་དབོར་འདྲེན་གྱི་ལས་ལ་གཞོལ་བས་2017ལོར་བློ་བཟང་སྦྱིན་པའི་ཁྱིམ་ཚང་བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་རེད། “འདི་ལོ་རླངས་འཁོར་ཉོས་པའི་དངུལ་བུན་ཚང་མ་འཇལ་ཚར་བ་མ་ཟད། ཟླ་8པར་མི་རེར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་1700རག་བྱུང”ཞེས་བློ་བཟང་སྦྱིན་པས་དགའ་སྤྲོའི་ངང་བཤད།

ད་ཆ། བློ་བཟང་སྦྱིན་པའི་བཟའ་ཟླ་དབྱངས་ཅན་སྒྲོལ་དཀར་གྱི་གཅོང་ནད་ཀྱང་རིམ་བཞིན་དྲག་སྐྱེད་བྱུང་ནས་སྐབས་རེ་ལས་ཀ་ཙག་ཙིག་བྱེད་པར་འགྲོ་གི་ཡོད་ལ། བུ་ཚེ་རིང་མཐར་ཕྱིན་ད་ལོ་སློབ་གྲྭ་ཐོན་ནས་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་། བུ་མོ་བརྩོན་འགྲུས་བདེ་སྐྱིད་ཀྱང་སློབ་གྲྭ་ཆེ་མོར་ཡིག་ཚད་ལོན་པས་ཁྱིམ་མི་ཡོངས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་མཆིས།

“གུང་ཁྲན་ཏང་ཡོན་ཞིག་ཡིན་པས་སང་ལོ་ངས་གྲོང་ཚོའི་གཞོན་ནུ་ཚོའི་སྣེ་ཁྲིད་དེ་ཨར་སྐྲུན་ལས་གྲྭ་འགན་གཙང་བླངས་ནས་ཚང་མ་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱ་རྒྱུ་ཡིན”ཞེས་བློ་བཟང་སྦྱིན་པས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

ཁྱིམ་ཚང་གི་ཡིག་ཚགས།

བློ་བཟང་སྦྱིན་པ། སྐྱེས་པ། 1979ལོའི་ཟླ་5པར་སྐྱེས། ད་ཆ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་འདམ་སྐྱོ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་སྡོད་ཀྱི་ཡོད་ལ། ནང་མི་ལྔ་ཡོད། དེ་སྔོན་བློ་བཟང་སྦྱིན་པའི་ཁྱིམ་མི་རི་ཁུག་ཏུ་སྡོད་ཀྱི་ཡོད་པས་འགྲིམ་འགྲུལ་སྟབས་བདེ་མེད། 2015ལོར་བློ་བཟང་སྦྱིན་པའི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་ཤིང་། 2017ལོར་བློ་བཟང་སྦྱིན་པའི་ཁྱིམ་མི“ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ། ཚན་སློབ་རིག་གསུམ་དང་། འཕྲོད་བསྟེན། བདེ་སྲུང”བཅས་ཆ་ཚང་བའི་འདམ་སྐྱོ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་སུ་སྤོས་པ་དང་འབྲེལ། གྲོང་ཚོ་གཉིས་ཀྱི་མཉམ་སྡེབ་དཔལ་འབྱོར་ས་ཚིགས་སུ་ལས་ཀ་བྱས་ནས་ཁེ་སྤོགས་ཀྱང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

བཀོད་སྒྲིག་ས་ཚིགས་སུ་གནས་སྤོས་པའི་ལོ་དེར་བློ་བཟང་སྦྱིན་པས་དངུལ་བུན་གཡར་ནས་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་གཅིག་ཉོས་པ་དང་། 2018ལོར་བློ་བཟང་སྦྱིན་པས་ཡང་བསྐྱར་དངུལ་བུན་གཡར་ནས་ཨར་འདམ་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་གཅིག་ཉོས་པས་2019ལོར་ཁོང་ཁྱིམ་གྱི་ཡོང་འབབ་སྒོར་50160ཟིན་པ་དང་། ད་ཆ་དབུལ་ཞྭ་ཕུད་པའི་བློ་བཟང་སྦྱིན་པའི་ཁྱིམ་མིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་མཆིས།

(དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས)

པར་①ནི་བློ་བཟང་སྦྱིན་པས་རང་ཁྱིམ་གྱི་སྐྱེལ་འདྲེན་རླངས་འཁོར་གཏོང་བཞིན་པ།

པར་②ནི་བློ་བཟང་སྦྱིན་པ་དང་བཟའ་ཟླ་དང་བུའི་མནའ་མ(དཀྱིལ)བཅས་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།