《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月29日

རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་གསར་འགྱུར་གལ་ཆེན་དྲིལ་བསྒྲགས་དང་ཐོལ་བྱུང་དོན་རྐྱེན་གྱི་གླེང་ཕྱོགས་ཁྲིད་སྟོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་27ཉིན་གནས་ཚུལ་འབྱོར་གསལ། རང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་གསར་འགྱུར་གལ་ཆེན་དྲིལ་བསྒྲགས་དང་ཐོལ་བྱུང་དོན་རྐྱེན་གྱི་གླེང་ཕྱོགས་ཁྲིད་སྟོན་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་བོད་ལྗོངས་མི་རིགས་སློབ་ཆེན་དུ་དུས་ཡུན་ཉིན་ལྔའི་རང་སྐྱོང་ལྗོངས་ཀྱི་བརྗོད་དོན་གཙོ་བོའི་གསར་འགྱུར་གལ་ཆེན་དྲིལ་བསྒྲགས་དང་ཐོལ་བྱུང་དོན་རྐྱེན་གྱི་གླེང་ཕྱོགས་ཁྲིད་སྟོན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། ཟླ་12ཚེས་27ཉིན་གྱི་སྔ་དྲོ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་བོད་ལྗོངས་མི་རིགས་སློབ་ཆེན་ཆིན་ཧན་སློབ་ཁུལ་དུ་འཚོགས་པ་དང་ལྗོངས་ཡོངས་ཀྱི་གསར་འགྱུར་ལས་དོན་པ་90ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོར་སློབ་མ་ཚོར་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་དང་། ད་ཐེངས་ཀྱི་གསོ་སྦྱོང་དེ་ཆེད་ལས་ཀྱི་བྱང་ཚད་དང་ལས་རིགས་སྙིང་སྟོབས་ལ་སྦྱོང་བརྡར་བྱེད་པའི་སྤེལ་རེས་བགྲོ་གླེང་ཞིག་ཏུ་བརྩི་བ། རིགས་གཅིག་མཁས་ཅན་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པའི་གོ་སྐབས་ལ་གཅེས་སྤྲས། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་ཤུགས་སྣོན། གསར་འགྱུར་གྱི་ལས་སྒོར་བརྩོན་ཞིབ། ཤེས་བྱ་གསར་པ་ཁོང་དུ་ཧུར་ཐག་ཆུད་པ་བཅས་བྱས་ནས། སྦྱངས་ནས་ཤེས་ཐུབ་པ་དང་སྦྱངས་ནས་འབྲས་བུ་ཐོན་ཐུབ་པའི་བརྩོན་ལེན་བྱེད་དགོས། གསོ་སྦྱོང་སློབ་སྦྱོང་དང་གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་དོན་ཟུང་འབྲེལ་བྱེད་པ་དང་། “གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་གནས་ཚད་དེ་བས་མཐོ་བ”བཅས་ཀྱི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཧུར་ཐག་གཏོང་བ། “སྟོན་ཕྱོགས་བཞི་དང་སྒྲུབ་པ་བཞི”མཐའ་འཁྱོངས་བྱེད་པ། “འཇོན་ཐང་བཞིའི”བླང་བྱ་ལག་བསྟར་བྱེད་པ། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་བརྒྱུད་བསྒྲགས་བྱེད་པ། གཙོ་རྒྱུན་གྱི་བསམ་བློ་དང་གླེང་ཕྱོགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། དྲང་སྲུང་གསར་གཏོད་བྱེད་རྒྱུ་མཐའ་འཁྱོངས། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། སྔར་བས་འབད་འབུངས་ཡར་བརྩོན་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་སྐས་རིམ་གསར་པར་སླེབས་པ་དང་ཡར་རྒྱས་གསར་པ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭར་ཀྲུང་གོ་མི་དམངས་སློབ་ཆེན་དང་། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན། ནུབ་བྱང་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་སོགས་ཀྱི་མཐོ་རིམ་སློབ་གྲྭ་དང་སློབ་གླིང་གི་གསར་འགྱུར་ཚན་ཁག་དང་དེ་བཞིན་མི་དམངས་དྲ་བ་དང་། ཧྲའན་ཤིས་ཞིང་ཆེན་གྱི་སྨྱན་སྦྱོར་ཁག་གཅིག་གི་མཁས་དབང་དང་རིགས་གཅིག་མཁས་ཅན་11སློབ་ཚན་ཁྲིད་པར་གདན་དྲངས་པ་རེད།