《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月28日

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་པེ་ཅིང་དུ་རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་ལུའུ་ཧའོ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་པེ་ཅིང་དུ་རང་བྱུང་ཐོན་ཁུངས་པུའུ་ལ་འཚམས་འདྲི་གནང་སྟེ་རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་ལུའུ་ཧའོ་དང་བཞུགས་མོལ་གནང་བ་རེད། ཕྱོགས་གཉིས་པོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བོད་ཀྱི་འཕེལ་རྒྱས་མཉམ་དུ་དོན་གཉེར་གནང་བ་རེད།

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རང་བྱུང་ཐོན་ཁུངས་པུས་ཡུན་རིང་ནང་བོད་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཧུར་ཐག་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཕྱོགས་སྟོན་གཏན་འཁེལ་དང་འཐབ་འགོད་ཇུས་འདོན་གནང་སྟེ་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ་དང་བོད་ཀྱི་ལས་དོན་ལ་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ད་ལོའི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག བོད་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་པའི་མཛུབ་ཁྲིད་དགོངས་པ་དང་། སྤྱིའི་བླང་བྱ། གཙོ་གནད་ལས་འགན་བཅས་གསལ་སྟོན་གནང་བ་མ་ཟད། ད་དུང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་དུས་རབས་གསར་པའང་བཏོད་གནང་ཡོད་པས་རང་རེའི་ཏང་གི་བོད་ཀྱི་ལས་དོན་གྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གསར་པ་ཞིག་བཙུགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རང་བྱུང་ཐོན་ཁུངས་པུའུ་ཚུད་པའི་ཀྲུང་དབྱང་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱིས་དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་ཐུབ་མེད་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་། དེ་སྔོན་སྒྲུབ་འདོད་ཀྱང་སྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་ཞིག་སྒྲུབ་ཐུབ་ནས་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔར་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་གྲབས་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་ཀྱང་འགོ་རྩོམ་ཡོད། དེང་རབས་ཅན་གྱི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་རྗེས་ལུས་མི་ཐེབས་པ་བྱེད་པར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་ཁ་རང་གསོ་དང་དཀའ་སྤྱད་འབད་འཐབ་བྱེད་དགོས་ལ། རང་བྱུང་ཐོན་ཁུངས་པུའུ་ཡིས་སྔར་རྒྱུན་བཞིན་དམིགས་བསལ་ལྟ་རྟོག་དང་གཟིགས་སྐྱོང་རྒྱབ་སྐྱོར་ཡང་གནང་རོགས་ཞེས་གསུངས་པ་རེད།

ཆེ་དགྲ་ལྷས་རང་བྱུང་ཐོན་ཁུངས་པུའུ་ཡིས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད། རྒྱལ་ཁབ་ས་ཆ་བརྟག་དཔྱད་ཐེངས་གསུམ་པ། གཏེར་ཁའི་ཐོན་ཁུངས་འཚོལ་ཞིབ་དོ་དམ། ས་གཤིས་གནོད་འཚེ་འགོག་བཅོས་དང་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁྲོད། བོད་ལ་དམིགས་བསལ་སྲིད་ཇུས་དང་ཞིབ་ཕྲའི་རྒྱབ་སྐྱོར་བྱ་ཐབས་རབ་དང་རིམ་པ་བཏོན་གནང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་རང་བྱུང་ཐོན་ཁུངས་བྱ་གཞག་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། རང་བྱུང་ཐོན་ཁུངས་པུས་ས་ཞིང་ས་སྤྱོད་དང་། གཏེར་ཁའི་ཐོན་ཁུངས་འཚོལ་ཞིབ། སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སོགས་ཐད་མུ་མཐུད་བོད་ལ་རྒྱབ་སྐྱོར་གནང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ལུའུ་ཧའོ་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཐད་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བོད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཟུང་ཡོད་པས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་ངེས་རེད། རང་བྱུང་ཐོན་ཁུངས་པུའུ་ཡིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་ཀྱི་རང་བྱུང་ཐོན་ཁུངས་ལས་དོན་སྒྱུར་བཅོས་གསར་གཏོད་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་དང་། རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ནང་དོན་རྒྱུན་མཐུད་ཟབ་ཏུ་གཏོང་བ། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མཉམ་དུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

(ལྷ་དབང་གིས་བསྒྱུར། ལྷ་དབང་དང་ཚེ་ཁོས་ཞུས)