《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月16日

རྒྱལ་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་ཀོང་ཀྲོའུ་རུ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཡོངས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་ཀོང་ཀྲོའུ་རུ་གཉེར་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཀོང་ཏུང་དུ་ཕེབས་ནས་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། རང་ལྗོངས་ཀྱི་འགྲན་ཞུགས་བདམས་ཐོན་པ་དང་དེ་བཞིན་འཐུས་མི་ཚོགས་པའི་ཁོངས་མིར་འཚམས་འདྲིའང་གནང་བ་རེད།

ཅང་ཅེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་འགྲན་བསྡུར་ཆེ་མོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་དང་། ཙུང་ལི་ལི་ཁེ་ཆང་གིས་ཆེད་མངགས་མཆན་བཀོད་མཛུབ་སྟོན་གནང་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ནས་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་དང་། བེད་སྤྱོད། སྐུལ་ལྕག་སོགས་ཀྱི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་ལག་རྩལ་པའི་སློབ་གླིང་བཙུགས་ཏེ་རང་ལྗོངས་ཀྱི་རྩལ་ནུས་ཤེས་ལྡན་པའི་གསོ་སྦྱོང་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་རྩལ་ནུས་ཤེས་ལྡན་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ད་ཆའི་དུས་མཚམས་ཀྱི་རང་ལྗོངས་ཀྱི་རྩལ་ནུས་ཤེས་ལྡན་པའི་གསོ་སྐྱོང་ཁྲོད་གནས་པའི་ཞན་ཆར་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱེད་པ། གོ་སྐབས་དམ་འཛིན་དང་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་གསོ་སྦྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་གཞོན་ནུ་མི་རབས་ཚོས་དཀའ་སྤྱད་འབད་འཐབ་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུར་སྣེ་ཁྲིད་དང་སྐུལ་ལྕག་བྱས་ཏེ་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།