《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月16日

ཚེ་གང་མངར་སིལ་རྒྱག་པའི་བྱི་རིལ། བཅིངས་འགྲོལ་དམག་མིས་གནང་བྱུང་།

འདི་ནི་ལྷ་སྐྱིད་སྐུ་འཚོ་བཞུགས་སྐབས་གསར་འགོད་པར་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོད་བཞིན་པ།

1950ལོའི་དགུན་སྟོད་དུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་བྱེས་འཐབ་དམག་སྡེ་གཉིས་པའི་འཐབ་འཛིང་པ་ཚོ་འབའ་ཐང་དུ་བསྐྱོད་དེ་འབའ་ཐང་ལ་བཅིངས་འགྲོལ་བཏང་བ་རེད།

སྐབས་དེར་བཅིངས་འགྲོལ་དམག་གིས་དྭ་ཕྲུག་ཁང་གི་འཁྲིས་སུ་གནས་པའི་སློབ་ཆུང་གཡར་ནས་བཅའ་སྡོད་བྱས། ང་ཚོས་རྟག་ཏུ་བཅིངས་འགྲོལ་དམག་བཅའ་སྡོད་བྱ་ཡུལ་དུ་ལྐོག་ལྟ་བྱེད་པར་སྐྱོད་ཀྱི་ཡོད། བཅིངས་འགྲོལ་དམག་གི་གཅེན་པོ་གཅེན་མོ་ཚོས་ང་ཚོ་མཐོང་རྗེས་དེ་གར་ཡོང་ནས་གཙང་སྦྲ་ཞན་པའི་བྱིས་པ་ཚོར་འཚམས་འདྲི་བྱས་པ་ངས་ད་ལྟའང་གསལ་པོར་དྲན་གྱི་འདུག

སྐབས་དེ་དུས་ང་ཚོས་རྒྱ་སྐད་གོ་གི་མེད་པས་བཅིངས་འགྲོལ་དམག་གི་གཅེན་པོ་གཅེན་མོ་ཚོ་དང་སྤེལ་རེས་བྱེད་སྐབས་ལག་བརྡ་བྱ་རྒྱུ་ལས་མ་འདས། འོན་ཀྱང་ངས་ཁོང་ཚོའི་གདོང་ནས་ང་ཚོར་དྲོ་སྐྱིད་སྦྱིན་ལུགས་དང་བྱམས་བརྩེ་འཆང་ལུགས་ཚོར་བྱུང་། ཁོང་ཚོ་ནི་དཔོན་པོ་དང་སྐུ་དྲག་དེ་ཚོ་དང་གཏན་ནས་འདྲ་ཡི་མེད། ཐེངས་ཤིག་གཅེན་མོ་ཞིག་གིས་འཛུམ་དམུལ་དམུལ་ངང་ང་ལ་ཤོག་བུས་བཏུམས་པའི་དངོས་པོ་ཞིག་སྤྲད་དེ་པགས་པ་བཤུས་ནས་ཁའི་ནང་བླུགས་དགོས་པའི་ལག་བརྡ་བྱས་བྱུང་། ངས་དེ་པགས་པ་བཤུས་ནས་ཁའི་ནང་བླུགས་སྐབས་དེ་ནི་ཇི་འདྲའི་མངར་སིལ་ལྡན་པའི་རོ་མཆོག་ཅིག་རེད་འདུག རྗེས་སུ་ངས་དེ་ནི་ཀ་ར་ཡིན་པ་ཤེས་བྱུང་ལ་དེའི་བྲོ་བ་དུས་ད་ལྟའང་ཡིད་ལ་གསལ་པོར་དྲན་གྱི་འདུག

ཚེ་གང་མངར་སིལ་རྒྱག་པའི་བྱི་རིལ་བཅིངས་འགྲོལ་དམག་མིས་གནང་བ་ད་ལྟའང་ངས་གསལ་པོར་དྲན་གྱི་འདུག

གཅེན་པོའི་ལྕག་སྐུལ་འོག་རྗེས་སུ་ང་དང་གཅེན་མོ་ཨ་མའེ་དང་གཅུང་པོ་འཇམ་དཔལ་རྒྱ་མཚོ་བཅས་དམག་ལ་ཞུགས་རྒྱུའི་མིང་ཐོ་བཀོད་པ་ཡིན།

དམག་ལ་ཞུགས་པ་ནས་བཟུང་ང་ཚོ་ཕྱུཌ་འཚོ་མི་དགོས་པ་དང་བུད་ཤིང་ཡང་འཐུ་མི་དགོས་པར། བཅིངས་འགྲོལ་དམག་གི་གཅེན་པོ་དང་གཅེན་མོ་ཚོས་ང་ཚོ་ཁོང་ཚོའི་གཅེན་གཅུང་ངོ་མ་ལྟ་བུར་བརྩིས་ནས་ང་ཚོར་མགོ་འཁྲུ་རོགས་དང་སྐྲ་ཤད་རོགས་བྱེད་པ་མ་ཟད། ང་ཚོར་འཚོ་བའི་རྒྱུན་ཤེས་དང་འཚོ་བའི་གོམས་གཤིས་ཡག་པོ་ཞིག་འཇགས་ཐབས་ཀྱང་བསླབས་བྱུང་། ང་ཚོར་རོ་བཅུད་ལྡན་པའི་འབྲས་བཟའ་རྒྱུ་བྱུང་ལ། སྡུག་བསྔལ་ལས་བྲལ་ནས་སེམས་པ་སྐྱིད་ལྷང་ལྷང་ཞིག་ཏུ་གྱུར།

དཔུང་སྡེའི་ནང་དུས་ཡུན་ངེས་ཅན་ཞིག་རིང་གཟུགས་པོར་སྦྱོང་བརྡར་བྱས་རྗེས་ང་དམག་སྡེ་བཅོ་བརྒྱད་པའི་ཐོན་157པའི་དྲིལ་བསྒྲགས་རུ་ཁག་ཏུ་ལས་བགོས་བརྒྱབ་བྱུང་། སྔ་དྲོར་རིག་གནས་དང་སྲིད་ཇུས་སློབ་སྦྱོང་བྱེད་པ་དང་། ཕྱི་དྲོར་ཞབས་བྲོ་སྦྱོང་གི་ཡོད། དམག་དཔུང་ནང་གི་གཅེན་མོ་ཚོས་ང་ཚོར་སྐེད་རྔ་རྡུང་སྟངས་དང་ཞབས་བྲོ་དབྱང་ཀོ་རྒྱག་སྟངས་བསླབས་པ་དང་། ང་ཚོས་ཀྱང་ཁོང་ཚོར་འབའ་གཞས་གཏོང་སྟངས་སློབ་ཀྱི་ཡོད།

1951ལོའི་ཟླ་3པར་ང་ཕ་ཡུལ་འབའ་ཐང་ནས་ཁ་བྲལ་ཏེ་བོད་དུ་དཔུང་སྐྱོད་བྱེད་པའི་ལམ་དུ་བསྐྱོད་པ་ཡིན། ང་ཚོ་ཀོ་གྲུར་བསྡད་ནས་འབྲི་ཆུ་བརྒལ་བ་དང་། ལམ་བར་དུ་རྐང་ཐང་མར་བསྐྱོད་ནས་སྨར་ཁམས་བར་དུ་སླེབས། སྨར་ཁམས་སུ་སླེབས་རྗེས་ང་ཚོ་ངལ་གསོ་བརྒྱབ་པ་ཡིན། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ་དཔུང་སྡེས་ཐོན་157པའི་དྲིལ་བསྒྲགས་རུ་ཁག་ནས་མི་5བདམས་ཏེ་ལམ་རྒྱུད་ཀྱི་དམག་ཚུགས་དང་མགོ་སྒུར་ནས་ཕྱིར་ལོག་མཁན་བོད་དམག་ལ་འཚམས་འདྲི་བྱེད་པར་བསྐྱོད་པ་དང་། ང་ནི་མིག་སྔའི་ནང་གི་གྲས་ཤིག་ཡིན།

སྨར་ཁམས་ནས་ཆབ་མདོར་སྐྱོད་པའི་ལམ་བར་དུ་ས་བབ་མཐོ་ཞིང་། གསོ་རླུང་དཀོན་པ་དང་། ལམ་རྒྱུད་ཁ་བས་བཏུམས་པ། དུད་ཚང་ཉུང་བ་བཅས་དཀའ་ཚེགས་ཆེན་པོ་འཕྲད་བྱུང་། ལམ་བར་དུ་རླུང་བུ་མ་ལྡང་ན་ཁ་བ་འབབ་ཀྱི་འདུག ང་ཚོ་རི་བོ་དང་ཆུ་བོ་མང་པོ་བརྒལ་བས་རྐང་པར་འཁྱགས་པ་ཐེབས་པ་དང་། དགོང་མོ་བབས་པའི་ཁ་བ་མཐུག་པོའི་ཁྲོད་སྐབས་དེའི་ཉལ་ཆས་འབའ་ཞིག་ཡིན་པའི་སྣུམ་དྲེག་གིས་ཁེངས་པའི་ཕོ་ཁེབས་གྱོན་པ་དང་ལྷམ་གྱིས་སྔས་མགོ་བྱས་ནས་ཉལ་བ་ད་ལྟའང་གསལ་པོར་དྲན་གྱི་འདུག

ལོ་གཅིག་ཙམ་བསྐྱོད་མཐར་ང་ཚོ་ལྷ་སར་འབྱོར་བྱུང་། བོད་དུ་སྐྱོད་པའི་ལམ་བར་དུ་སྤྱི་ལེ་རེའི་སར་ང་ཚོ་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རེའི་རང་སྲོག་ཤོར་གྱི་ཡོད་པ་དང་། བཅིངས་འགྲོལ་གཏོང་བ་ནི་ལས་སླ་པོ་ཞིག་མིན་ལ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་དེ་བས་ལས་སླ་པོར་བྱུང་བ་ཞིག་མིན།

འདི་ལོའི་ཟླ་ལྔ་པར་ང་ཁྲེང་ཏུའུ་ནས་རླངས་འཁོར་ལ་བསྡད་དེ་སྐབས་དེ་དུས་ཀྱི་བོད་སྐྱོད་ལམ་བུར་སླར་ཡང་ཐེངས་ཤིག་ཆས་པ་ཡིན། རང་ཉིད་ཀྱིས་བོད་ཀྱི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པ་དེ་དངོས་སུ་བརྒྱུད་མྱོང་ཡོད་ལ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བདེན་དཔང་ཡང་བྱེད་ཐུབ། བོད་ཀྱི་ད་ཆ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་གསལ་པོར་ཤེས་ཀྱི་ཡོད། ན་གཞོན་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་དང་འབད་འབུངས་ཆེར་བསྐྱེད་བྱ་རྒྱུའི་རེ་བ་ཡོད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་སྐལ་མཆོག་གིས་ཞུས)

མི་སྣ་ངོ་སྤྲོད་མདོར་བསྡུས།

ལྷ་སྐྱིད། བུད་མེད། སི་ཁྲོན་འབའ་ཐང་བ། 1936ལོར་སྐྱེས། 2020ལོའི་ཟླ་9པར་ཚེ་ལས་འདས། ལྷ་སྐྱིད་ལོ་13ལ་སླེབས་སྐབས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པའི་ཐོན་157པའི་བྱེས་འཐབ་དམག་སྡེ་གཉིས་པར་ཞུགས། 1951ལོའི་ཟླ་3པར་འབའ་ཐང་ནས་ཁ་བྲལ་ཏེ་བོད་དུ་དཔུང་སྐྱོད་བྱས། 1952ལོར་བོད་དམག་ལས་བྱེད་སློབ་གྲྭར་སློབ་གཉེར་བྱས། སློབ་མཐར་ཕྱིན་རྗེས་གཞིས་རྩེར་རིག་རྩལ་ཚོགས་པ་འཛུགས་པར་མངགས་པ་དང་རིག་རྩལ་ཚོགས་པར་ལས་ཀ་ལོ་5བྱས་རྗེས་ལས་སྒྱུར་བྱས། 1957ལོར་ཀྲུང་དབྱང་མི་རིགས་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་བོད་དུ་ལོག་རྗེས་ལྷ་ས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་ལས་ཀ་བཀོད་སྒྲིག་བྱས། 1966ལོར་རང་སྐྱོང་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་རྒན་ཡོལ་མ་ཞུས་བར་ལས་ཀ་བྱས།