《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月16日

ཀྲོང་ཡན་གྱིས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ལས་དོན་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཐུང་ཅུན་གྱིས་སྣེ་ཁྲིད་གནང་བའི་ལས་དོན་ཚོགས་ཆུང་བཅས་པ་དང་ཉིང་ཁྲི་གྲོང་ཁྱེར་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་ཚོགས་ཆུང་དང་བཅས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་དང་ལྕགས་ལམ་འཛུགས་སྐྲུན་པ་ཚོས་དུས་ཡུན་རིང་པོའི་ནང་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བོད་ཀྱི་ལྕགས་ལམ་བྱ་གཞག་འཕེལ་རྒྱས་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་མཚོན་ཡོད་པས་ང་ཚོས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་དང་། ལྕགས་ལམ་འཆར་འགོད་འཛུགས་སྐྲུན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་ནུས་ཤུགས་ཡོད་རྒུ་འདོན་པ་དང་གཞོགས་འདེགས་ཡག་པོ་བྱེད་དགོས། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་སྔར་རྒྱུན་བཞིན་བོད་ཀྱི་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ལ་དམིགས་པ། ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཧུར་ཐག་བྱེད་པ། ལྕགས་ལམ་གྱི་རྣམ་གྲངས“མཐུན་སྒྲིལ་གྱི་ལམ་ཐིག”དང“བདེ་སྐྱིད་ཀྱི་ལམ་བུར”ཏན་ཏིག་འགྱུར་བར་བྱེད་དགོས་པ། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ལས་ཞུགས་དང་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་ཡོང་བར་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རིང་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ། སྤུས་ཚད་དང་ཁྲོམ་རའི་རིན་གོང་གཏན་འཁེལ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་བོད་ཀྱི་ས་གནས་དེ་གའི་ཐོན་རྫས་གང་མང་སྤྱད་དེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ། བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ལྷ་ཉིང་ལྕགས་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་སྔ་ཙམ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་བདེ་སྔ་ཙམ་སྐྲུན་དགོས་པ་བཅས་ཀྱི་ཐུགས་རེ་གནང་བ་རེད།

ཝང་ཐུང་ཅུན་གྱིས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ལྕགས་ལམ་འཛུགས་སྐྲུན་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་དང་འཛུགས་སྐྲུན་ལ་ཞུགས་མཁན་ཕྱོགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་ཀྱི་བོད་ཀྱི་དམིགས་བསལ་གནས་བབ་གལ་ཆེན་ལ་གཞི་ཚུགས་པ་དང་། “ཚན་རིག་དང་མཐུན་པར་འཆར་འགོད་དང་། ལག་རྩལ་གྱིས་འདེགས་སྐྱོར། སྣོད་བཅུད་སྲུང་སྐྱོང་། བདེ་འཇགས་བློས་འཁེལ”བཅས་ཀྱི་སྤྱིའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་འགོ་འཛུགས་ས་མཐོ་ལ་ཚད་གཞི་མཐོ་བ་དང་སྤུས་ཚད་ལེགས་པོས་བོད་ཀྱི་གཙོ་གནད་ལྕགས་ལམ་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། ལྕགས་ལམ་འཛུགས་སྐྲུན་བྱེད་རིང་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཧུར་ཐག་དང་། བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། བོད་ཀྱི་ས་གནས་དེ་གའི་རྒྱུ་ཆའི་ཐོན་རྫས་བེད་སྤྱོད་ལ་སྐུལ་ལྕག ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་སོགས་ཀྱི་ཐད་བོད་རང་སྐྱོང་ལྗོངས་དང་མཉམ་ལས་སྔར་བས་བྱེད་པ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན། ཇུས་གཞི་ཞིབ་ཕྲ་བཟོ་བ། ལྕགས་ལམ་འཛུགས་སྐྲུན་གྱི་ཕན་འབྲས་དངོས་ལ་རྟེན་པ་བཅས་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)