《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月08日

ས་མཐོའི་ལྕགས་ལམ་གྱི་ལམ་ཐིག་འཚོལ་ཞིབ་པ།

—— རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་ཅིང་ཝུན་ཁྲང་གི་སྐོར་བཀོད་པ།

རྩོམ་སྒྲིག་པའི་སྦྲགས་མཆན།

ཉེ་ཆར་རང་ལྗོངས་ཀྱི་2020ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་29པེ་ཅིང་ནས་གཟི་བརྗིད་དང་བཅས་ཏེ་ལོག་ཡོང་ཞིང་། ཁོང་ཚོ་ནི་རང་ལྗོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ཏུ་གཟེངས་སུ་ཐོན་པའི་སྔོན་ཐོན་མི་སྣ་དང་། མི་རིགས་ཀྱི་དཔའ་བོ། མི་དམངས་ཀྱི་མིག་དཔེ་བཅས་ཤ་སྟག་རེད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱི“དུས་རབས་གསར་པའི་འབད་འཐབ་པ”ཞེས་པའི་ལེ་ཚན་ཐོག་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་བྱས་རྗེས་གཅིག་སྡུད་ཐོག་བཀོད་དེ་དུས་རབས་གསར་པའི་ངལ་རྩོལ་བའི་ཉམས་འགྱུར་མངོན་པར་བྱེད་པ་དང་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་ལ་བསྟོད་པའི་མཐེ་བོང་མཐོན་པོར་བསྒྲེངས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་རྒྱུ་ཡིན།

2020ལོའི་ཟླ་11ཚེས་8ཉིན་ནི་ཅིང་ཝུན་ཁྲང་གི་ངོས་ནས་བརྗོད་ན་དམིགས་བསལ་གྱི་ཉིན་མོ་ཞིག་རེད།

གང་ལགས་ཤེ་ན། དེ་ཉིན་ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ)ལས་འགོ་འཛུགས་པའི་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། དེ་ཐོག་ནས་ཁྲོན་བོད་ལྕགས་ལམ(གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ)དངོས་སུ་སྐྲུན་འགོ་ཚུགས་པ་མཚོན་གྱི་ཡོད་པས་རེད།

ད་བར་ཅིང་ཝུན་ཁྲང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ནས་ལོ་གཉིས་དང་ཟླ་བ་གཅིག་འགྲོ་ཡི་ཡོད།

ཅིང་ཝུན་ཁྲང་ནི་ཀྲུང་གོ་ལྕགས་ལམ་ཅུས་རྩད་ཞིབ་ཇུས་འགོད་ཁང་དང་པོ(གཤམ་དུ“ལྕགས་ལམ་ཁང་དང་པོ”ཞེས་བསྡུ་རྒྱུ)ཡི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་ཡིན་པ་དང་། ལྕགས་ལམ་རྩད་ཞིབ་ཇུས་འགོད་ཀྱི་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ཁོང་གིས་སྔ་རྗེས་སུ་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་ལྕགས་ལམ་རྣམ་གྲངས་10ལྷག་ཙམ་རྩད་ཞིབ་ཇུས་འགོད་ཀྱི་ལས་དོན་གཙོ་སྐྱོང་དང་དེའི་ནང་ཞུགས་ཡོད།

“གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བའི་ལས་འགན་ཡག་པོ་བསྒྲུབ་རྒྱུ་ཡིན”

ཁྲོན་བོད་ལྕགས་ལམ་ནི་ལོ་རྒྱུས་ཐོག“སྐྲུན་དཀའ་ཤོས་ཀྱི་ལྕགས་ལམ”ཞིག་ཡིན་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། 2018ལོའི་ཟླ་10པར་ཁྲོན་བོད་ལྕགས་ལམ་འཆར་འགོད་ཇུས་འགོད་ལས་དོན་དངོས་སུ་སྤེལ་འགོ་ཚུགས།

བཀོད་སྒྲིག་གཞིར་བཟུང་། ལྕགས་ལམ་ཁང་དང་པོས་ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་དཀའ་ཚེགས་ཆེ་ཤོས་ཡིན་པའི་ཆབ་མདོ་ནས་ཉིང་ཁྲི་བར་གྱི་ལམ་དུམ་གྱི་རྩད་ཞིབ་ཇུས་འགོད་ལས་འགན་ཕྲག་ཏུ་ཁུར་མོད། འོན་ཀྱང་མཇུག་མཐར་ལྗིད་རྫོབ་ཆེ་བའི་ལས་འགན་དེ་ཅིང་ཝུན་ཁྲང་དང་ཁོང་གི་ཚོགས་པའི་ཕྲག་སྟེང་དུ་བབས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) “ང་ནི་ཏང་ཡོན་ཞིག་ཡིན་པས་ཏང་ཡོན་གྱི་བཟོ་ལྟ་དངོས་སྟོན་དགོས། ངས་ངེས་པར་དུ་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བའི་ལས་འགན་དེ་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་ཅིང་ཝུན་ཁྲང་གིས་རང་གིས་རང་ལ་སེམས་ཤུགས་སྦྱིན།

བཀའ་རྒྱ་འབྱོར་མ་ཐག་བྱ་སྤྱོད་སྤེལ་ཞིང་། ཅིང་ཝུན་ཁྲང་གིས་མྱུར་ཚད་མགྱོགས་ཤོས་དང་དུས་ཚོད་ཐུང་ཤོས་ནང་ཚོགས་པའི་སྣེ་ཁྲིད་དེ་འཐབ་ས་དང་པོར་བསྐྱོད་ནས“འགག་སྒྲོལ་དམག་འཐབ”རྒྱག་འགོ་བཙུགས།

ཆབ་མདོ་ནས་ཉིང་ཁྲི་བར་གྱི་ལམ་དུམ་དུ་རི་མཐོ་གཡང་གཟར་བ་དང་། ས་གཤིས་དང་ས་ཁམས་ཆགས་སྟངས་རྙོག་འཛིང་ཆེ་བ། སྣོད་བཅུད་ཁོར་ཡུག་ཞན་པ་བཅས་ཀྱི་རྐྱེན་པས་ལས་གྲྭ་འཛུགས་སྐྲུན་ལ་དཀའ་ཚེགས་ཆེན་པོ་འཕྲད་ཡོད།

དཀའ་ཚེགས་ཇི་ལྟར་ཆེ་རུང་མདུན་ཕྱོགས་སུ་གདོང་མཆོང་དང་ལག་རྩལ་མེད་ཚེ་ལག་རྩལ་གསར་གཏོད་བྱེད་དགོས། ཅིང་ཝུན་ཁྲང་གིས་ཉིང་ཁྲི་ནས་སྤོ་བོ་རྫོང་བར་གྱི་རི་མཐོ་གཡང་གཟར་མང་ཆེ་བར་བསྐྱོད་དེ་གྲངས་གཞིར་དཔྱད་ཞིབ་ཡང་ཡང་བྱས་པ་དང་ཇུས་གཞིར་བཟོ་བཅོས་ཡང་ཡང་བརྒྱབ་སྟེ། ཇུས་འགོད་བསམ་ཕྱོགས་བརྒྱ་གྲངས་འགའ་ཤས་དང་། ཇུས་འགོད་ས་བཀྲ་སྟོང་ཕྲག་འགའ་ཤས། སྤྱི་ལེ་ཁྲི་ཙམ་ཟིན་པའི་ལམ་ཐིག་འདེམས་པའི་ཇུས་གཞི་ཕན་ཚུན་ཞིབ་བསྡུར། སྨི་ཁྲི་བཅུ་གྲངས་འགའ་ཤས་ཟིན་པའི་ས་གཤིས་རྩད་ཞིབ་ལ་སོགས་བྱས་ཡོད།

དེའི་རིང་ཅིང་ཝུན་ཁྲང་གིས་ལ་བརྒྱབ་ཀླུང་བརྒལ་བྱེད་ཞོར་བསམ་གཞིག་ཀྱང་བྱས།

ཆེད་ལས་དང་། འབད་འཐབ། གསར་གཏོད་བཅས་ལ་བརྟེན་ཏེ་ཅིང་ཝུན་ཁྲང་དང་ཁོང་གི་ཚོགས་པས“མངོན་གསལ་དོད་པའི་ས་དབྱིབས་ཀྱི་མཐོ་དམན་དང་། འགུལ་ཤུགས་ཆེ་བའི་ཁུལ་ལེབ། ཡང་སེ་ཐོན་པའི་རི་གཡོ་ས་འགུལ་གྱི་གནོད་འཚེ། ཉམས་ཞན་གྱི་སྣོད་བཅུད་ཁོར་ཡུག”བཅས་དཀའ་གནད་ཆེན་པོ་བཞི་གྲུབ་འབྲས་ཐོབ་པའི་ངང་ཐག་གཅོད་བྱས་པ་ལས། ཁྲོན་བོད་ལྕགས་ལམ་གྱི་ཆབ་མདོ་ནས་ཉིང་ཁྲི་བར་གྱི་ལམ་དུམ་གྱི་བསྐྲུན་ཐུབ་མིན་གྱི་ཞིབ་འཇུག་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ནས་ཁྲོན་བོད་ལྕགས་ལམ་གྱི་ལས་འགོ་འཛུགས་པ་དང་དེར་སྐུལ་འདེད་གཏོང་བར་ལག་རྩལ་གྱི་རྨང་གཞི་བརྟན་པོ་བཏིང་ཡོད།

“གངས་ལྗོངས་ས་མཐོའི་ལྕགས་ལམ་འཚོལ་ཞིབ་པ་ཞིག་བྱ་རྒྱུ་ཡིན”

2009ལོ་ནས་བཟུང་ཅིང་ཝུན་ཁྲང་གིས་བོད་ལྗོངས་མངའ་ཁོངས་ཀྱི་ལྕགས་ལམ་རྩད་ཞིབ་ཇུས་འགོད་རྣམ་གྲངས་གཙོ་གཉེར་བྱས་པ་མ་ཟད། གཙོ་གཉེར་གྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བའི་འགན་ཡང་འཁུར།

ལས་འགན་འཁུར་མ་ཐག་ཅིང་ཝུན་ཁྲང་ལ་འཕྲད་པའི་ཚོད་བགམ་ནི་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་དང་པོ་སྟེ་ལྷ་གཞིས་ལྕགས་ལམ་གྱི་གནད་དོན་རེད།

ལྕགས་ལམ་ལམ་ཐིག་གི་ཇུས་གཞི་གདམ་ག་བྱེད་པ་དེས་ལས་གྲྭ་ཧྲིལ་པོ་ལག་བསྟར་ཐུབ་མིན་གྱི་རང་བཞིན་དང་། དཔལ་འབྱོར་གྱི་རང་བཞིན། བློས་འགེལ་ཆོག་པའི་རང་བཞིན་བཅས་རྩ་བའི་ཆ་ནས་གཏན་འཁེལ་གྱི་ཡོད།

ལྷ་གཞིས་ལྕགས་ལམ་ནི་རང་རྒྱལ་གྱི་མཐོ་སའི་ཚ་ཁུལ་བརྒལ་བའི་ལྕགས་ལམ་དང་པོ་དེ་ཡིན་ཞིང་། རྒྱལ་ཕྱི་རྒྱལ་ནང་དུ་དེའི་ཐད་དཔྱད་གཞིར་འཛིན་ཆོག་པའི་ལག་རྩལ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ད་དུང་ཡང་མེད། དེ་ཐོག་ནས་ལྕགས་ལམ་དེའི་ལས་གྲྭའི་ས་གཤིས་ཀྱི་དཀའ་གནད་འཛམ་གླིང་ཐོག་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་པ་མཚོན་གྱི་ཡོད།

ཇི་ལྟར་བྱེད་དགོས་སམ། བརྩོན་ཞིབ་བྱ་རྒྱུ་ལས་བྱ་ཐབས་གཞན་གང་ཡང་མེད།

“ལས་ཡུལ་དངོས་སུ་བསྐྱོད་དེ་ཏན་ཏན་ཏིག་ཏིག་གི་རྩད་ཞིབ་བྱས་ཚེ་གཞི་ནས་དངོས་དངོས་རྗེན་རྗེན་གྱི་གྲངས་གཞི་ཁོང་དུ་ཆུད་ཐུབ། གྲངས་གཞི་ཡང་དག་ཁོང་དུ་ཆུད་ཚེ་ལམ་ཐིག་འདེམས་པའི་རྨང་གཞི་ཡང་བརྟན་དུ་འགྲོ་ཐུབ”ཅེས་ཅིང་ཝུན་ཁྲང་གིས་བཤད།

ས་བབ་མཐོ་ཚད་སྨི་4500ཟིན་པའི་རིན་སྤུངས་གངས་རི་བརྒལ་བ་དང་། ཡར་འབྲོག་གཡུ་མཚོའི་མཐའ་འཁོར་གྱི་གྲོག་རོང་ཚང་མར་བསྐྱོད་པ། མྱང་ཆུ་གཙང་པོའི་ངོགས་གཉིས་ཀྱི་གྲོང་ཚོ་ཁག་ཏུ་བསྐྱོད་པ། ཡར་ཀླུང་གཙང་པོའི་གྲོག་རོང་བརྒལ་བ་ལ་སོགས་ལྷ་གཞིས་ལྕགས་ལམ་གྱི་ལམ་ཐིག་གི་ཇུས་གཞི་འཚམ་ཤོས་ཤིག་འདེམས་ཆེད་ཅིང་ཝུན་ཁྲང་གིས་རྩད་ཞིབ་ལ་འགྲོ་མཚམས་འཇོག་མྱོང་མེད།

མཇུག་མཐར་ཞིབ་བསྡུར་དང་ཞིབ་འཇུག་ཐེངས་མང་བྱས་པ་བརྒྱུད། ལྷ་གཞིས་ལྕགས་ལམ་ཡར་ཀླུང་གཙང་པོའི་ངོགས་སུ་བསྐྲུན་རྒྱུའི་ཇུས་གཞི་གཏན་འཁེལ་བྱས། ཇུས་གཞི་དེ་ལས་རྒྱལ་ཁབ་ལ་མ་དངུལ་སྒོར་ཁྲི་8891གྲོན་ཆུང་ཐུབ་ཡོད།

2014ལོའི་ཟླ་8པར་ལྷ་གཞིས་ལྕགས་ལམ་རྒྱལ་ཁའི་ངང་ཤར་གཏོང་ཐུབ་པ་ནས་ད་བར་མཐོ་སའི་ཚ་བ་དང་། ཕུག་ལམ་རིང་པོ། བྱེ་རླུང་། ས་ཡོམ་སོགས་ཀྱི་ཚོད་བགམ་སྣ་ཚོགས་ཕོག་རུང་ལྕགས་ལམ་དེ་སྔར་བཞིན་རྒྱུན་གཏན་ལྟར་གཉེར་སྐྱོང་ཐུབ་ཡོད། ཐོག་མའི་གསར་གཏོད་རང་བཞིན་ལྡན་པའི་ཅིང་ཝུན་ཁྲང་གི་ཚོགས་པའི་ཚན་རྩལ་གྱི་གྲུབ་འབྲས་དེར་ལས་རིགས་ནང་ཁུལ་གྱི་མི་སྣ་ཚོས“རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་དུ་སླེབས་ཡོད”ཅེས་མགྲིན་གཅིག་ཏུ་བརྗོད་ཀྱི་ཡོད།

ཅིང་ཝུན་ཁྲང་གིས་བོད་ཀྱི་ལྕགས་ལམ་གྱི་ཇུས་འགོད་འཛུགས་སྐྲུན་ལ་རང་ཉིད་ངོ་མས་མཛུབ་ཁྲིད་བྱས་པ་མ་ཟད། ད་དུང་བོད་ཀྱི་ལྕགས་ལམ་འཛུགས་སྐྲུན་ལ“ཐབས་ཇུས་ལེགས་འགོད”ཀྱང་བྱས་ཤིང་། ཁོང་གིས་སྔ་རྗེས་སུ་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”ལྕགས་ལམ་འཛུགས་སྐྲུན་གྱི་འཆར་འགོད་གཙོ་སྐྱོང་དང་དེའི་ནང་ཞུགས་ནས་སྒྲིག་བཟོ་བྱས་པ་དང་། ཁྲོན་བོད་ལམ་ཐིག་དང་། ཤིན་བོད་ལམ་ཐིག ཟི་ལིང་དང་། ཡུལ་ཤུལ། ཆབ་མདོ་སོགས་བོད་ཀྱི་ཕྱི་ཕྱོགས་འབྲེལ་བའི་ལྕགས་ལམ་གཙོ་བོའི་ཇུས་གཞི་ཞིབ་འཇུག་གི་ལས་དོན་ནང་ཞུགས་པ། བོད་ཀྱིས་ས་ཁོངས་ཕྱིར་ཕྱོགས་པའི་ཀྲུང་ནེ་ལྕགས་ལམ་དང་། ཀྲུང་རྒྱ་ལྕགས་ལམ། ཀྲུང་ཕ་ལྕགས་ལམ་བཅས་ཀྱི་ཇུས་གཞི་ཞིབ་འཇུག་ལས་དོན་གཙོ་སྐྱོང་དང་དེའི་ནང་ཞུགས་ནས་ལེགས་སྒྲུབ་བྱས་ཡོད།

“ཁྱིམ་ཆེན་མེད་ན་ཁྱིམ་ཆུང་གང་ནས་ཡོང”

ལྕགས་ལམ་གྱི་ལག་རྩལ་མི་སྣ་ཅིང་ཝུན་ཁྲང་ནི་ཕུལ་བྱུང་ལས་དོན་པ་ཞིག་ཡིན་མོད། འོན་ཀྱང་ཁྱིམ་ཚང་གི་ཀ་བ་ཞིག་ཡིན་པའི་ཁོང་ནི་ཁྱིམ་ཚང་གི་ངོས་ནས་བརྗོད་ན“ཚད་གཞི་མ་ལོན་པ”ཞིག་རེད།

རྒས་ནད་ཕོག་པའི་ཨ་མར་ལྟ་རྟོག་བྱེད་མཁན་དགོས་ཀྱང་ཁོང་ཁྱིམ་དུ་སྡོད་པའི་ཁོམ་པ་མེད་པ་དང་། བཟའ་ཟླར་མངལ་འཁོར་རིང་བཟའ་ཟླ་དང་ཐུག་འཕྲད་ཐེངས་གསུམ་ལས་བྱེད་མྱོང་མེད་པ་མ་ཟད། ཕྲུ་གུ་སྐྱེས་ནས་ཟླ་བ་གཅིག་ཀྱང་མ་སོང་བར་ཁོང་བྲེལ་འཚུབ་ངང་ཁྱིམ་དང་བྲལ།

ཐེངས་ཤིག་ཕྲུ་གུས་གཟབ་གཟབ་མ་བྱས་རྐྱེན་བླུགས་མ་ཐག་པའི་ཐུག་པ་ཚ་པོ་ལག་པར་བོར་བས་འཚིག་ནས་དམར་པོར་གྱུར། ཕྲུ་གུ་གཟའ་འཁོར་གཅིག་སྨན་ཁང་དུ་བསྡད་རྗེས་ཅིང་ཝུན་ཁྲང་གཞི་ནས་ས་མཐོ་ནས་ཟི་ལིང་དུ་ལོག ཕྲུ་གུར་རྨ་རས་བརྗེ་སྐབས་ལག་པའི་རྨ་ཁ་མཐོང་སྐབས“གནམ་སའི་བར་དུ་འཐབ་པའི”སྐྱེས་པ་དེ་བཟོད་མ་ཐུབ་པར་ཕྲུ་གུ་པང་དུ་བཏབ་སྟེ་མིག་ཆུ་ལྷུང་ལྷུང་དུ་ཤོར། ད་ལྟའང་རྨ་ཤུལ་མཐོང་རྒྱུ་ཡོད།

ཡིན་ནའང་ཕྲུ་གུ་སྨན་ཁང་ནས་མ་དོན་གོང་ཅིང་ཝུན་ཁྲང་ས་མཐོར་ཐོན་ཟིན།

ཕྲུ་གུ་ལོ་10ལའང་མ་སླེབས་པའི་སྐབས་སུ་ཕྱི་རྒྱལ་གྱི་རྣམ་གྲངས་ཤིག་གི་བཀའ་རྒྱ་འབྱོར་ནས་ཨ་ཧྥེ་རི་ཁའི་ནི་ཀྲེ་རི་ཡ་རུ་ལྕགས་ལམ་རྣམ་གྲངས་ཀྱི་ལས་དོན་སྒྲུབ་པར་བསྐྱོད།

ཅིང་ཝུན་ཁྲང་རང་ཉིད་ཀྱི་ཨ་མ་དང་། བཟའ་ཟླ། ཕྲུ་གུ་བཅས་དང་རྟག་ཏུ་མཉམ་དུ་སྡོད་ཁོམ་མེད་མོད། འོན་ཀྱང་ཁོང་དུས་ནམ་ཡང་མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་སོགས་ཀྱི་ལས་ཡུལ་ནས་ཁ་བྲལ་མྱོང་མེད།

རྟག་ཏུ་ས་མཐོའི་འཐབ་ཕྱོགས་དང་པོར་ཕར་འགྲོ་ཚུར་འོང་བྱས་རྐྱེན་ཅིང་ཝུན་ཁྲང་ལོ་40ལ་སླེབས་སྐབས་ཁྲག་ཤེད་མཐོ་བའི་ནད་ཕོག ལས་རོགས་ཚོས“ས་མཐོའི་ལྕགས་ལམ་ལས་ཡུལ་དུ་ཁོང་མཁོ་རིམ་བཞིན་ཁོང་གིས་རྟག་ཏུ་སྨན་རིལ་བུ་རེ་བཏང་སྟེ་སྐད་གྲགས་མེད་པར་ལས་གནས་སུ་སྐྱོད་ཀྱི་ཡོད”ཅེས་བཤད།

ད་ཆ། ལོ་55ལ་སླེབས་པའི་ཅིང་ཝུན་ཁྲང་སྔར་རྒྱུན་བཞིན་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་གྱི་འཐབ་ཕྱོགས་གང་སར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་། རི་མཐོ་གཡང་གཟར་དང་ལུང་ཤུར་ཁག་ཏུ་ལྕགས་ལམ་འཛུགས་སྐྲུན་གྱི་ལས་ལ་གཞོལ་མཁན་དེ་དག་གི་གཟུགས་བརྙན་ནི་གངས་ལྗོངས་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་པའི་ཡུལ་ལྗོངས་མཛེས་ཤོས་ཤིག་ཏུ་གྱུར་ཡོད།

(བཀྲ་ཤིས་དཔལ་སྐྱིད་ཀྱིས་བསྒྱུར། སྐལ་མཆོག་དང་བཀྲ་ཤིས་དཔལ་སྐྱིད་ཀྱིས་ཞུས།)