《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月08日

“ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱེད་དགོས་ལ“བསམ་བློའི་ གནད་དོན”དེ་བས་ཐག་གཅོད་བྱེད་དགོས།

“དཔལ་ཡོན་གཉིས”མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགྲོ་ལམ་ལྡོག་མེད་ཅིག་ཡིན་ཞིང་། “ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱེད་དགོས་ལ“བསམ་བློའི་གནད་དོན”ཡང་དེ་བས་ཐག་གཅོད་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ལྡན་དགོས་པའི་ནང་དོན་དང་གནས་ལུགས་ཤིག་ཡིན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པར་ཤུགས་ཆེའི་དངོས་པོའི་སྟོབས་ཤུགས་ཡོད་དགོས་ལ། ཤུགས་ཆེའི་བསམ་པའི་སྟོབས་ཤུགས་ཀྱང་ཡོད་དགོས། དངོས་པོའི་དཔལ་ཡོན་སྲོལ་གཏོད་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཉིས་ཀ་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ལེགས་སུ་གཏོང་བ་བཅས་བྱས་ཚེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གཞི་ནས་བདེ་བླག་ངང་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བར་སྐུལ་འདེད་གཏོང་རྒྱུ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་གཅིག་གྱུར་ཡོང་བ་བྱས་ནས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས”ཞེས་བསྟན་ཡོད་པས། ང་ཚོས་དེའི་ནང་འདུས་པའི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ནས། དངོས་པོའི་ཆ་རྐྱེན་ཇི་ཙམ་ལེགས་སུ་འགྲོ་བའི་དུས་སུ། དེ་ཙམ་གྱིས་བསམ་པའི་དཔལ་ཡོན་སྲོལ་གཏོད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། “མཛོད་ཁང་འབྲུ་རིགས་ཡིས་ཁེངས་པ་དང་ཟས་གོས་འདང་ངེས་ཡོད་པའི”དངོས་པོའི་འཚོ་བ་ཡོད་དགོས་ལ།“གུས་སྲོལ་དང་། གཟི་བརྗིད། ཞེ་ཁྲེལ་བཅས་ཤེས་པའི”སྤྱི་ཚོགས་ཀྱི་དར་སྲོལ་དེ་བས་ཡོད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་པ་བྱེད་དགོས་ལ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་འཁྱེར་སོ་ལེགས་སུ་འགྲོ་ཐུབ་པ་བྱེད་དགོས། “ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱེད་དགོས་ལ“བསམ་བློའི་གནད་དོན”དེ་བས་ཐག་གཅོད་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་ཏན་ཏིག་ཚོར་བ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་ལ་འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།

(པ་ཚེས་བསྒྱུར། པ་ཚེ་དང་དཔའ་མོས་ཞུས)