《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月08日

ཆེ་དགྲ་ལྷས་གཞི་རིམ་གྱི་ཚོང་དོན་འཁོར་རྒྱུག་དང་མཁོ་ཚོང་མཉམ་ལས་ཁང་འཛུགས་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་དཔལ་མགོན་ནས་ཟླ་12ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ནག་ཆུ་གྲོང་ཁྱེར་དུ་གཞི་རིམ་གྱི་ཚོང་དོན་འཁོར་རྒྱུག་ལས་དོན་དང་མཁོ་ཚོང་མཉམ་ལས་ཁང་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ལྷན་དུ་ཕེབས་ཡོད་པ་རེད།

དཔལ་མགོན་རྫོང་ཚོང་དོན་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་སུ་ཆེ་དགྲ་ལྷས་ཁེ་ལས་ཀྱི་འགན་འཁུར་བ་དང་སྡེབ་སྐྱེལ་བཟོ་པ་དང་སྤེལ་རེས་གཏིང་ཟབ་གནང་སྟེ་དོ་དམ་འཁོར་རྒྱུག་དང་། ཟོག་འགྲེམས་མ་གནས། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་ཞབས་འདེགས་དང་གྲོང་གསེབ་དར་རྒྱས་ནང་ཞུགས་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། མཛོད་ཉར་ཚོང་ཟོག་གི་རིན་གོང་འཚམ་ཞིང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལུགས་དང་རིམས་ནད་ཐོན་རིང་དམངས་འཚོའི་དངོས་ཟོག་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་ལུགས་སྐོར་མཁྱེན་སྐབས་ཆེ་དགྲ་ལྷས་ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་ཁུལ་དང་ཞིང་འབྲོག་མང་ཚོགས་ལ་ཕྱོགས་རྒྱུ་མཐའ་འཁྱོངས་ཀྱིས་ལག་ལེན་ཁྲོད་གསར་གཏོད་དང་འཚོལ་ཞིབ་སྔར་བས་བྱས་ཏེ་ཚོང་དོན་ཟོག་འགྲེམས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་གནད་དང་དཀའ་གནད་བསལ་ནས་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་དང་། རང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་འཁོར་རྒྱུག་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་དགོས་ལུགས་བསྟན་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

བརྟག་ཞིབ་གནང་རིང་ཆེ་དགྲ་ལྷས་འཁོར་རྒྱུག་མ་ལག་གིས་རྒྱལ་དམངས་དཔལ་འབྱོར་ལ་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་བཞིན་ཡོད་པ་དང་དེང་རབས་ཀྱི་འཁོར་རྒྱུག་མ་ལག་བསྐྲུན་པ་དེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་དོན་སྙིང་གལ་ཆེན་ལྡན་ཡོད་པས། རྒྱལ་ནང་གི་འཁོར་རྒྱུག་དང་རྒྱལ་སྤྱིའི་འཁོར་རྒྱུག་ཚང་མ་ལས་ཆོད་ཆེ་བའི་དེང་རབས་ཀྱི་འཁོར་རྒྱུག་མ་ལག་དང་ཁ་འབྲལ་ཐབས་མེད། རིམ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་ཚོང་དོན་སྡེ་ཚན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་བ། སེམས་ཁྲལ་དང་ཉེན་ཁའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་སྟེ“སྤྲོད་པ་གསུམ་དང་ཕན་པ་ཡོད་པ་གཅིག”གི་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱི་མིག་སྔའི་དོན་དངོས་ལ་གཞི་ཚུགས་པ་དང་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་གྱི་མཁོ་ཚོང་མཉམ་ལས་ཁང་གི་ལས་ཀའི་ཉམས་མྱོང་བསྡུ་ལེན་དང་དཔྱད་གཞིར་གང་ལེགས་བཟུང་སྟེ་ཕྱོགས་བསྡུས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རང་ལྗོངས་ཀྱི་མཁོ་ཚོང་མཉམ་ལས་ཁང་གི་རྩ་འཛུགས་མ་ལག་དང་ཞབས་ཞུའི་ལམ་སྲོལ་གང་མགྱོགས་ཞིབ་འཇུག་བྱས་ནས་བཟོ་བ། ཞན་ཆ་གང་མགྱོགས་གསབ་པ། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ནུས་པ་ཆེ་རུ་གཏོང་བ། མཁོ་ཚོང་མཉམ་ལས་ཁང་གིས་མི་དམངས་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འགག་རྩའི་དུས་སྐབས་སུ་འགག་རྩའི་ནུས་པ་དངོས་འབྲེལ་འདོན་ཐུབ་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་དང་ཟུང་འབྲེལ་བྱས་ཏེ་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་དང་། ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ། མཁོ་ཚོང་མཉམ་ལས་ཁང་དང་། གཞུང་ཁོངས་ཁེ་ལས། དམངས་གཉེར་ཁེ་ལས་སོགས་ཕྱོགས་ཁག་གི་ཧུར་སེམས་སྐུལ་སློང་། ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཡག་པོ་འཛུགས་པ་བཅས་བྱས་ཏེ་ཞབས་ཞུའི་དྲ་བ་དང་གློག་རྡུལ་ཚོང་དོན་ལས་སྟེགས་འཛུགས་པ་སོགས་ཀྱི་འཁོར་རྒྱུག་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། འཁོར་རྒྱུག་གི་ཐབས་ལམ་འཐུས་སྒོ་ཚང་དང་ཤར་གཏོང་ཐུབ་པར་བྱས་ཏེ། བར་གནས་ལྷུ་ཚིགས་ཉུང་དུ་གཏོང་བ་དང་། ཚོང་དོན་ཟོག་འགྲེམས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རང་ལྗོངས་ཀྱི་ཐག་རིང་ལུང་ཁུག་དང་མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ནས་ཞིང་འབྲོག་མང་ཚོགས་ལ་སྤུས་ཚད་མཐོ་བའི་ཐོན་སྐྱེད་དང་འཚོ་བའི་ཕྱོགས་བསྡུས་ཞབས་འདེགས་མཁོ་འདོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)