《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月02日

ཤེས་བྱའི་འགྲན་བསྡུར་ཧུར་ཐག་སྤེལ། ཐོག་མའི་བསམ་འདུན་སྔར་ལས་བརྟན།

—— ཆབ་མདོ་གྲོང་ཁྱེར་གྱིས་ཏང་གི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་སྤེལ་བའི་སྐོར་གྱི་ཟུར་བྲིས།

“དང་ཐོག་ལྷུ་ཚིགས་དང་པོའི་འགྲན་བསྡུར་ཏེ《སྒེར་གྱིས་ལན་ངེས་འདེབས་དྲི་བ》ཡིན་ཞིང་། ལྷུ་ཚིགས་དེར་མི་ཚང་མས་ཁེར་རྐྱང་ལེགས་སྒྲུབ་བྱེད་དགོས་པ་ལས་རུ་གྲོགས་ཀྱིས་དྲན་སྐུལ་བྱ་ཆོག་གི་མེད”འགྲན་སྟེགས་ཐོག་གཙོ་སྐྱོང་བས་འགྲན་བསྡུར་གྱི་སྒྲིག་སྲོལ་ངོ་སྤྲོད་བྱས་པ་དང་། གཤམ་འོག་ཏུ་ལྟད་མོ་བ་ཚོས་ཁ་ཁུ་སིམ་པོར་རང་ཉིད་ཀྱིས་དགའ་པོ་བྱེད་པའི་རུ་ཁག་གིས་ལན་ལ་ཉན་ནས་བསྡད་ཡོད།

འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་སྤེལ་བའི“བསམ་བློ་གསར་པར་སློབ་སྦྱོང་དང་། རྩལ་ནུས་གསར་པ་ཁོང་དུ་ཆུད་པ། དུས་རབས་གསར་པར་བྱས་རྗེས་འཇོག་པ”བཅས་ཀྱི་ཏང་གི་ཤེས་བྱའི་འགྲན་བསྡུར་བྱེད་སྒོའི་མཐའ་བསྡུར་གྱི་རྣམ་པ་ཞིག་རེད།

ཏང་གི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་འདི་ལོའི་ཟླ་9ཚེས་10ཉིན་ནས་སྤེལ་འགོ་ཚུགས་ཚུན། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ལས་ཁུངས་60ལྷག་ཙམ་གྱིས་ཚན་པའི་རང་བརྟེན་སློབ་སྦྱོང་གི་ཚོད་རྒྱུགས་དང་གྲོང་ཁྱེར་རིམ་པའི་འགྲན་བསྡུར(ཐོག་མའི་འགྲན་བསྡུར)བྱས་པ་བརྒྱུད། མཐར་ཆབ་མདོ་གྲོང་ཁྱེར་གྱི་དམངས་སྲིད་ཅུས་དང་། གྲོང་ཁྱེར་རྩ་སྲ་རྨང་བརྟན་གཞུང་ལས་ཁང་། གྲོང་ཨུད་རྩ་འཛུགས་པུའུ། གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། གྲོང་ཁྱེར་ཁུལ་གསར་དོ་དམ་ཨུ་ལྷན། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན། གྲོང་ཨུད་གཞུང་ལས་ཁང་། གྲོང་ཁྱེར་ཁྲིམས་འཛིན་ཅུས་བཅས་རུ་ཁག་9ཕུལ་དུ་བྱུང་ནས་མཐའ་བསྡུར་ལ་ཚུད་ཡོད།

མཐའ་བསྡུར་ལ་ངེས་འདེབས་དྲི་བ་དང་། ཧབ་འདེབས་དྲི་བ། ཉེན་མཆོང་དྲི་བ་བཅས་གསུམ་དུ་ཕྱེ་ཡོད། རུ་ཁག་ཁག་གིས་ཤེས་བྱའི་རྨང་གཞི་བརྟན་པོར་བརྟེན་ནས་ནུས་ཤུགས་ཡོད་རྒུས་འགྲན་བསྡུར་ཚ་ཚ་འུར་འུར་བྱས་མཐར། ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའི་འཐུས་མིའི་རུ་ཁག་ལ་ཨང་དང་པོ་ཐོབ་པ་རེད།

“དུས་རྒྱུན་ལས་བྲེལ་ཆེ་བས། ང་ཚོས་ལས་ཞོར་དུ་སྦྱངས་པ་ཡིན། སྟབས་ལེགས་པ་ཞིག་ལ་འགྲན་བསྡུར་ལ་དྲི་བ་ཚང་མར་ལན་འདེབས་ཐུབ་སོང་། སླད་ཕྱིན་ང་ཚོས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ཡག་པོ་བྱས་ནས་རང་ཉིད་ཀྱི་ཆབ་སྲིད་བྱང་ཚད་མཐོ་རུ་གཏོང་གི་ཡིན”ཞེས་བྱ་དགའ་ཨང་དང་པོ་འཐོབ་མཁན་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའི་འཐུས་མིའི་རུ་ཁག་གི་རུ་མི་ཀྲང་དབྱི་ཧྥན་གྱིས་སེམས་འགུལ་ཐེབས་བཞིན་བཤད།

ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རྩ་འཛུགས་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལིའུ་ཡན་ལེང་གིས། “ད་ཐེངས་ཀྱི་འགྲན་བསྡུར་ནི་ཆབ་མདོ་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་བྱས་པའི་གྲུབ་འབྲས་བརྟག་བཤེར་བྱེད་པའི་བྱེད་སྒོ་ཞིག་རེད། དེ་ལས་ལས་ཁུངས་ཀྱི་གཞོན་ནུ་ལས་བྱེད་པའི་བསམ་བློའི་བྱང་ཚད་མཐོ་རུ་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་བར་ཕན་པ་འཐོབ་སྲིད”ཅེས་བཤད།

(མཚམས་གཅོད་ཀྱིས་བསྒྱུར། སྤེན་ཚེས་ཞུས)