《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月02日

ཏིང་ཡེ་ཤན་གྱིས་གཙུག་ལག་ཁང་དང་བར་སྐོར་ཁྲོམ་གཞུང་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་30ཉིན་གནས་ཚུལ་འབྱོར་གསལ། ཟླ་11ཚེས་30ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་གཙུག་ལག་ཁང་དང་བར་སྐོར་ཁྲོམ་གཞུང་དུ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

བརྟག་ཞིབ་གནང་སྐབས། ཏིང་ཡེ་ཤན་དང་བཅས་པས་ཕེབས་གྱིན་གཟིགས་གྱིན་དང་། གསན་གྱིན་དུ་བཀའ་འདྲི་གནང་ནས་ལས་དོན་ཁག་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། སྐབས་འགར་གྲོང་མི་དང་ཡུལ་སྐོར་བ་ཚོ་དང་གླེང་མོལ་གནང་ནས་ཚང་མར་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་བ་རེད། ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཡ་རབས་ངང་ལས་འགན་སྒྲུབ་པ་དང་ཞབས་འདེགས་གང་ལེགས་ཞུ་བ་དང་། བདེ་འཇགས་ཞིབ་བཤེར་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ། གྲོང་མི་དང་ཡུལ་སྐོར་བའི་སྒྲིག་ལམ་གོ་རིམ་ལྡན་པ་བཅས་གཟིགས་སྐབས་ཏིང་ཡེ་ཤན་གྱིས་ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་བདེ་འཇགས་ཞི་མཐུན་འགན་ལེན་ཐད་བསྒྲུབས་པའི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཏིང་ཡེ་ཤན་གྱིས་གྲུབ་འབྲས་མཐོང་བ་བྱེད་པ་དང་ཆབས་ཅིག རང་ལྗོངས་ཀྱི་དགོན་སྡེ་དོ་དམ་ལས་དོན་ཐད་མིག་སྔར་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་འཕྲད་ཡོད་པ་དང་། ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། ང་ཚོས་ངེས་པར་དུ་དགོན་སྡེ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ་དགོན་སྡེ་དོ་དམ་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་དང་། རིམ་ཁག་དགོན་སྡེའི་དོ་དམ་སྒྲིག་གཞི། རྒྱ་ཆེའི་དགོན་སྡོད་ལས་བྱེད་པ་བཅས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། “ཁྲིད་སྟོན”ཐད་གཞོལ་རྒྱུར་ཤུགས་སྣོན་རྒྱག་པ། “ཁྲིད་སྟོན”ཐད་བྱེད་ཐབས་ཡོད་པ་དང་། “ཁྲིད་སྟོན”ལ་ནུས་པ་ལྡན་པ། “ཁྲིད་སྟོན”ལ་ཕན་འབྲས་ལྡན་པ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་དང་གནད་འཁེལ་ངང་ལག་བསྟར་བྱེད་པ་དང་། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་མཐའ་འཁྱོངས། རང་ཚུགས་དང་། རང་བདག རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས། ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ཏེ་དུས་རབས་གསར་པའི་དགོན་སྡེ་དོ་དམ་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་བ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཚོར་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མཐའ་མཚམས་བདེ་འཇགས་སྲ་བརྟན། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས། མི་རིགས་མཐུན་སྒྲིལ་ཟབ་གཏོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་བ་དང་། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དོ་དམ་དེ་ཞབས་ཞུའི་ཁྲོད་འཇོག་པ། ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོ་དང་ཏང་ཡོན་གྱི“འགན་གཙང་གསུམ”གྱི་ལས་དོན་གཏིང་ཟབ་སྤེལ་བ། གྲོང་སྲོལ་དམངས་ཆིངས་དང་གྲོང་མིའི་སྤྱི་ཆིངས་སོགས་གཞི་རྟེན་དུ་བྱེད་པ། རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྤྱོད་སྐྱོང་བ་བཅས་ཕན་ཚུན་མཉམ་འདྲེས་སྤེལ་རེས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་གཞི་རྩའི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་བཤད་གནང་བ་རེད།

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)