《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年12月02日

ཝུའུ་དབྱིང་ཅེ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་བརྟག་ཞིབ་གནང་བར་ཕེབས་པ།

ཟླ་11ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་ཕྱིང་ལུང་ཤང་གདོང་དཀར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ལས་བྱེད་པ་དང་མང་ཚོགས་དབར་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་རང་ཉིད་ཀྱི་དབུལ་སྐྱོར་འབྲེལ་གཏུག་ས་ཚིགས་ཏེ། ཆ་སྙོམས་ས་བབ་མཐོ་ཚད་སྨི་4750ཡན་གྱི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་ཕེབས་ནས་ས་བབ་ཧ་ཅང་མཐོ་བ་དང་། གནམ་གཤིས་ཧ་ཅང་གྲང་བ། ས་ཐག་ཧ་ཅང་རིང་བ་བཅས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ཤིང་། ཚང་མར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཐོན་ལས་འཕེལ་རྒྱས་དང་། སྲིད་ཇུས་དོན་འཁྱོལ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། གཞི་རིམ་ལས་དོན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་ཕེབས་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རིང་། མཐོ་སློབ་སློབ་ཐོན་སློབ་མས་སྟོབས་ཤུགས་གསར་པའི་ནུས་པ་འདོན་བཞིན་ཡོད། ཝུའུ་དབྱིང་ཅེ་དཔལ་མགོན་རྫོང་ཕྱིང་ལུང་ཤང་གདོང་དཀར་གྲོང་ཚོའི་ན་ཆེན་དམངས་སྲོལ་སྦྲ་གུར་ཡུལ་སྐོར་མགྲོན་ཁང་དུ་ཕེབས་ནས་ལས་གཏོད་པ་ནོར་ལྷ་དང་དབང་ཕྱུག་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ། སློབ་ཆེན་སློབ་ཐོན་སློབ་མའི་ལས་གཏོད་སྐོར་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་ཁོ་ཚོས་ལོངས་སྤྱོད་ཐུབ་པ་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འབྲས་བུ་ཐོབ་སྟེ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞིང་འབྲོག་པར་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་ཡུལ་སྐོར་འཕེལ་རྒྱས་ལ་ཧུར་ཐག་ཞུགས་པར་ལྕག་སྐུལ་བྱེད་པ་དང་ཀྲུང་དབྱང་གིས་བོད་ལ་གནང་བའི་གཟིགས་སྐྱོང་སྲིད་ཇུས་ཁག་དྲིལ་བསྒྲགས་ཡག་པོ་བྱས་ཏེ་ཚང་མས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་བར་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

ཐོན་ལས་འཕེལ་རྒྱས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཕྱིང་ལུང་ཤང་གིས་མི་དང་། རྩྭ་ཐང་། སྒོ་ཕྱུགས་བཅས་མ་རྐང་ལ་ཞུགས་ནས་མཉམ་ལས་ཁང་འཕེལ་རྒྱས་བཏང་སྟེ། ཞབས་འདེགས་ལས་རིགས་དང་། དེང་རབས་གསོ་ཚགས་ལས་རིགས། རིག་གནས་ཡུལ་སྐོར་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས་སོགས་ཐོན་ལས་སྣ་ཚོགས་གཉེར་སྐྱོང་བྱས་པས། 2020ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8694.2བྱུང་ཡོད། དེ་དང་ཆབས་ཅིག་ཤང་དེས་ད་དུང་ཁྲོམ་རའི་མ་རྩ་ནང་འདྲེན་བྱས་ནས་བོད་ལྗོངས་ཆིང་ཧྥུང་ཏུའུ་བཟའ་བཅའ་ཚན་རྩལ་ཞབས་འདེགས་ཚད་ཡོད་ཀུང་སི་བཙུགས་ནས་དཔལ་མགོན་རྫོང་གི་བསིལ་ཇའི་རྣམ་གྲངས་གསར་སྤེལ་བྱས་པས་ས་གནས་དེ་གའི་མང་ཚོགས་2600ཡི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད། ཝུའུ་དབྱིང་ཅེས་ཀུང་སིར་ཕེབས་ནས་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་དང་། ཀུང་སིའི་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སེམས་ཁུར་ཆེན་པོ་བྱས་ནས་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ཏེ་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀུང་སིས་ཕུགས་ལ་དམིགས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གཞིགས་པ་དང་། ལས་སྒོའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ། བློ་གཅིག་སེམས་གཅིག་གིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་ཡག་པོ་བྱེད་པ། ས་གནས་འཕེལ་རྒྱས་དང་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”རེད། ཝུའུ་དབྱིང་ཅེ་ཕྱིང་ལུང་ཤང་གདོང་དཀར་གྲོང་ཚོ་ཨུ་ལྷན་དུ་ཕེབས་ནས་གནས་ཚུལ་ཐོས་རྗེས། དེར་སླེབས་ལས་བྱེད་པ་དང་མང་ཚོགས་དབར་བྱམས་བརྩེའི་ངང་གླེང་མོལ་གནང་བ་མ་ཟད། གྲོང་མི་སྒྲོལ་དཀར་གྱི་ཁྱིམ་དུ་ཕེབས་ནས་ཚང་མ་དང་མཉམ་དུ་སྙིང་གཏམ་ཤོད་རེས་ཀྱང་གནང་བ་རེད། ཝུའུ་དབྱིང་ཅེས་མང་ཚོགས་ཉེ་འགྲམ་གྱི་འགྱུར་ལྡོག་ལ་བརྟེན་ནས་ཚང་མར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་སྟེ། ཚང་མས་ལས་སྒྲུབ་ལས་གཏོད་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད། “དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ཚང་མར་ཕན་པ་གང་ཞིག་ཐོབ་བྱུང་ངམ། ས་བབ་མཐོ་བའི་ས་ཁུལ་ནས་གནས་སྤོས་པར་མྱོང་ཚོར་གང་ཞིག་བྱུང་ངམ། ང་ཚོའི་ལས་དོན་ལ་ཚང་མར་ད་དུང་བསམ་འཆར་དང་གྲོས་འགོ་གང་ཡོད་དམ”ཞེས་ཝུའུ་དབྱིང་ཅེས་ཞལ་སངས་ནས་སྐད་ཆ་དྲིས་པས་ཚང་མས་སེམས་ཀྱི་སྐད་ཆ་གསུངས་སོང་ཞེས་བཤད། ཕྱིང་ལུང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་དགྲ་འདུལ་གྱིས། ལོ་འདི་དག་རིང་རྒྱ་ཆེའི་ཏང་ཡོན་ཚོས་ནུས་པ་ཧུར་ཐག་བཏོན་ཏེ་དམངས་ཕྱུག་དམངས་བདེ་དང་དམངས་ཕན་གྱི་ལས་དོན་ཁག་ཧུར་ཐག་བསྒྲུབས་པས། ད་ཆ་ཤང་གི་དུད་ཚང་དབུལ་པོ་ཕྱུག་པོར་གྱུར་པས་ཚང་མས་ཤང་གི་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་བཤད། གྲོང་མི་བསྟན་པ་སྙན་གྲགས་དང་བསམ་བསྟན་ཚེ་རིང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ང་ཚོའི་ཆེད་དུ་བྱ་བཟང་གཅིག་ཀྱང་སྒྲུབ་མྱོང་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་རོགས་རམ་གནང་ནས་ལམ་གསར་པ་བཟོས་པ་དང་ཁང་པ་གསར་པར་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་གྱི་ཡོད། གྲོང་ཚོའི་མི་དམངས་ཡོངས་ཀྱིས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དབར་དབྱེ་མཚམས་གསལ་པོ་ཕྱེ་ནས་དུས་ཚོད་གང་རུང་དང་གནས་ཚུལ་གང་ཞིག་བྱུང་རུང་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་གི་ཡིན་ཞེས་བཤད་པ་རེད། ཝུའུ་དབྱིང་ཅེས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ནས་ཚང་མར་དཔེ་དེབ་གནང་བ་རེད། ཁོང་གིས་གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་སེར་ལ་ཕན་བདེ་སྐྲུན་མཁན་ཡིན་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་རང་རེའི་ཏང་གི་འབད་འཐབ་དམིགས་ཚད་རེད། རྒྱ་ཆེའི་གྲོང་ཚོ་དང་གྲོང་ལྷན་གྱི་ཏང་ཀྲི་པུས་རང་འགན་གཙང་སྒྲུབ་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་གཙོ་གནད་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མང་ཚོགས་ལ་བརྩེ་སེམས་འཆང་བ་དང་མང་ཚོགས་རང་གི་གཉེན་ཉེ་ལྟར་བརྩི་བ། མང་ཚོགས་ཀྱི་བྱ་བ་རང་ཁྱིམ་གྱི་བྱ་བར་བརྩིས་ནས་སྒྲུབ་པ། ཁོ་ཚོའི་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་ཡག་པོ་བྱེད་པ། བྱ་བཟང་ལེགས་པར་སྒྲུབ་པ་བཅས་ཀྱིས་མང་ཚོགས་ཚོའི་བསྔགས་བརྗོད་ཐོབ་པར་བྱེད་དགོས། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ཚོས་གཞི་རིམ་རང་ཉིད་སྦྱོང་བརྡར་བྱེད་སར་བརྩི་བ་དང་། སྦྱངས་པའི་ཤེས་བྱ་དང་མང་ཚོགས་ཀྱི་བློ་གྲོས་ཟུང་འབྲེལ། བསམ་བློ་མང་ཙམ་གཏོང་བ་དང་ཐབས་ཇུས་མང་ཙམ་འདོན་པ་བཅས་བྱས་ཏེ། གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དགོས་ཞེས་གསུངས་པ་རེད།

དཔལ་མགོན་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་རྗེས། ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་དབུལ་ཞྭ་ཕུད་པའི་ས་ཁུལ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས”ཞེས་གསལ་བཏོན་གནང་ཡོད། ང་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མང་ཚོགས་ཉེ་འགྲམ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཟུང་འབྲེལ་བྱེད་པ་དང་། བཀའ་བཟང་གསོས་སུ་སྨིན་པ་དང་བྱེད་ཐབས་ནན་པོས་ལྟེ་བའི་དོན་སྙིང་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ཏེ་ཚོགས་འདུའི་དགོངས་དོན་ཁྱིམ་ཚང་མི་རེ་ངོ་རེ་དང་མི་ཚང་མས་ཤེས་པའི་འགན་ལེན་བྱེད་དགོས། དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱིས་ལས་དོན་ཁག་ཞིབ་ཅིང་ཕྲ་བ་དང་ཏན་ཏིག་བསྒྲུབས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་པའི་འགན་ལེན་བྱེད་དགོས། དོན་དངོས་ལ་གཞི་ཚུགས་པ་དང་། དགེ་སྤེལ་སྐྱོན་སྤོང་། ལས་དོན་གཙོ་བོར་དམིགས་པ་བཅས་བྱས་ཏེ། “ཤང་རེར་མཉམ་ལས་ཁང་རེ”དང“གྲོང་ཚོ་རེར་མཉམ་ལས་ཁང་རེའི”ནུས་པ་ཡག་པོ་འདོན་པ་དང་འབྲི་གཡག་བཤས་གཏོང་དང་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་ས་དང་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་སྒོ་ནས་ཐོན་ལས་འཕེལ་རྒྱས་ལ་མཉམ་འདྲེས་ཐུབ་པར་བྱས་ཏེ། ལས་ཞུགས་བརྟན་པོ་དང་ཡོང་འབབ་བརྟན་པོ་ཡོང་བར་བྱེད་དགོས། ཚན་རྩལ་སྤྱོད་ཤུགས་ཆེ་རུ་གཏོང་བ་དང་། འབྲི་གཡག་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། ཞིང་འབྲོག་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་སྣུར་སྲིང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། གྲང་ཕྲེང་ཟོག་འགྲེམས་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྲོག་གཅོད་དང་འཚོང་བར་འཛེམ་པའི་མང་ཚོགས་ཚོའི་ལྟ་བར་འགྱུར་ལྡོག་གཏོང་བ་དང་། ཟས་རིགས་ཐོན་རྫས་སུ་འགྱུར་བ་དང་ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ། གནོད་མེད་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ཚན་རིག་དང་མཐུན་ལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློར་དམ་པོར་དམིགས་ནས། དོན་དངོས་ལ་བསྟུན་རྒྱུ་མཐའ་འཁྱོངས་དང་། གཞི་ཁྱོན་དང་གཅིག་སྡུད་འོས་འཚམ་ཡོང་བའི་རྩ་དོན་ལ་གཞིགས་པ། ས་བབ་མཐོ་བའི་སྣོད་བཅུད་གནས་སྤོ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། གཞི་རིམ་གྱི་སྤྱི་པའི་ཞབས་འདེགས་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་དགོས། ཆོས་ལུགས་ཀྱི་ད་ཡོད་གནས་ཚུལ་ལ་བརྟག་ཞིབ་བྱེད་པར་ཤུགས་སྣོན་བརྒྱབ་ནས། དགོན་སྡེའི་གྲྭ་བཙུན་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དད་ལྡན་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བར་སློབ་གསོ་ཁྲིད་སྟོན་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཞིང་ཆེན་དབར་གྱི་ཕན་ཚུན་དཔྱད་ཞིབ་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། རྒྱབ་སྐྱོར་ཤུགས་ཆེན། གཞོགས་འདེགས་ཧུར་ཐག་བཅས་བྱེད་དགོས། དོན་དངོས་དང་མཐུན་པའི་སྒོ་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་ངོ་སྤྲོད་བྱེད་པ་དང་། ཞབས་འདེགས་དང་འགན་ལེན་གྱི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ནས་དཔྱད་ཞིབ་ལས་དོན་བདེ་བླག་དང་ཕུན་སུམ་ཚོགས་པོ་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ཡག་པོ་འདོན་པ་དང་། མང་ཚོགས་ཚང་མ་སྒྲིག་འཛུགས་དང་གཅིག་སྒྲིལ་ཐུབ་པ་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

(རིག་འཛིན་རྡོ་རྗེ་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)