《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月30日

བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་28ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པ་འཚོགས་རིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་སྟེ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐད་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག གཞི་རིམ་གྱི་འཐབ་ས་དང་པོ་ནས་ཡོང་བའི་ཉི་མ་ཕན་ཐོགས་དང་། ཐའོ་མིང་ཅུན། པ་སངས་ཚེ་རིང་། ཧའུ་ཞའོ་ལེ། ཧྥན་ཡུས་ཆའོ། སྒྲོན་དབྱངས། བཀྲ་ཤིས་སྟོབས་རྒྱལ། ཕུར་བུ་དབྱངས་ཅན་བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་8ཀྱིས་གཏམ་བཤད་ཧུར་ཐག་སྤེལ་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་དང་སྨན་བཅོས་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་འཐུས་མི་དང་སྤེལ་རེས་ཡང་སེ་གནང་ཞིང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས། འཐུས་མི་རྣམ་པས་བཏོན་གནང་བའི་བསམ་འཆར་དང་གྲོས་འགོ་གནད་ལ་སྨིན་པ་དང་མང་ཚོགས་དང་འབྲེལ་འདྲིས་ཟབ་པ་དེ་ཐོག་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་བའི་ཐུན་མོང་གི་འབོད་སྒྲ་དང་ཐུན་མོང་ཕྱུག་འགྱུར་ཡོང་བ་དང་འཚོ་བའི་སྤུས་ཚད་ལེགས་སུ་འགྲོ་རྒྱུའི་གཞི་རིམ་མང་ཚོགས་ཀྱི་རེ་སྒུག་མཚོན་ཡོད། དེས་ན་འབྲེལ་ཡོད་ཕྱོགས་ཁག་གིས་འཐུས་མི་ཚོས་བཏོན་གནང་བའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་བྱས་ཏེ་འབྲེལ་ཡོད་གནད་དོན་ཐག་གཅོད་ནུས་ལྡན་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

བློ་བཟང་རྒྱལ་མཚན་གྱིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྲུང་བཅས“དོན་ཆེན་བཞི”ལ་དམ་པོར་དམིགས་པ་དང་། མི་དམངས་ལ་དྲིན་ཚོར་བ་དང་། བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ། བྱ་གཞག་ལ་ཡར་ཐོན་ཡོང་བ་བཅས་ཀྱི་བསམ་པ་འཆང་བ། ཁྲིམས་བཞིན་རང་འགན་གཙང་སྒྲུབ་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་ཡར་ཐོན་ཡོང་བར་བྱེད་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་དུ་གཞི་ཚུགས་པའི་འཐུས་མི་ཚོའི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་གཏིང་ཟབ་བྱས་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་གང་ཡིན་མིན་ནན་ཏན་ངང་ཉན་པ་དང་གོང་རིམ་ལ་ཧུར་ཐག་ཞུས་ཏེ། ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ཡག་པོ་ཞིག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ལ་སློབ་སྦྱོང་དང་། ལག་ལེན་ལ་སློབ་སྦྱོང་། རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བཅས་མཐའ་འཁྱོངས་བྱས་ཏེ། འཐུས་མིའི་ལས་འགན་ནན་ཏན་ངང་བསྒྲུབས་ནས་རང་འགན་གཙང་སྒྲུབ་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།