《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月30日

བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པའི་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པ་ལྷ་སར་གྲོལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་དང་། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཅུས་ཅན་ཧྭ། ལི་ཝུན་ཧན། ཅི་གོ་ཀང་། ཝང་ཅུན། ཞུས་ཁྲེང་ཚང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག《གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་དོགས་ཟོན་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ས་གནས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འདེམས་བསྐོའི་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་སྲོལ》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) 《ལྷ་ས་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག》དང《གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་སྲོལ་ཡིག》《གཞིས་རྩེ་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲོལ་ཡིག》《ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲོལ་ཡིག》བཅས་ལ་ཆོག་མཆན་སྤྲད་པ་མ་ཟད། འབྲེལ་ཡོད་མི་དོན་བསྐོ་འཐེན་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་བསྐོ་གཞག་ཡི་གེའང་སྤྲད་པ་རེད།

བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་མི་དམངས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་འགོ་དུས་ཐོག་ཏུ་ཉན་རྒྱུ་དང་ཟུང་འབྲེལ་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཤུགས་རྒྱག་པ་བཅས་བྱས་ནས་འཐུས་མིའི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་བརྟན་པོ་འཛུགས་དགོས། མི་དམངས་ལ་དྲིན་ཚོར་གྱི་བསམ་པ་དང་། བཅའ་ཁྲིམས་ལ་གུས་སྐྲག་གི་བསམ་པ། བྱ་གཞག་ལ་ཡར་བརྩོན་གྱི་བསམ་པ་བཅས་བཅངས་ཏེ་ཆབ་སྲིད་ཀྱི་ནུས་པ་དང་། འགན་སྒྲུབ་ཀྱི་ནུས་པ། དོན་འཁྱོལ་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་དང་ཡང་ཡང་བསྡུར་བ་དང་མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་སར་ལྟ་བསྡུར་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་རྩ་གནད་ལ་གྲོས་ཞིབ་ཡག་པོ་ཡོང་བའི་གྲ་སྒྲིག་བྱས་ཏེ་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཐུབ་པ་བྱེད་དགོས། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོར་ངོས་འཛིན་གང་ལེགས་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གནས་བབ་གལ་ཆེན། ལས་ཀའི་བཀོད་སྒྲིག ལས་འགན་གཙོ་བོ། འབྲེལ་བ་གལ་ཆེན། འགན་ལེན་གལ་ཆེན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ། རང་རྟོགས་ངང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཁྲིམས་ལྟར་བོད་སྐྱོང་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཡོངས་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ཁྲིམས་འཛུགས་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་མཐའ་འཁྱོངས་ཀྱིས་གནད་སྨིན་དང་། ཡང་དག ཞིབ་ཕྲ་བཅས་ཡོང་བར་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོས་ཏེ་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་མཁོ་འདོན་བྱེད་དགོས། ལོ་འཁོར་མོའི་ལས་འགན་ཡོངས་སུ་འགྲུབ་པ་དང་ཕྱི་ལོའི་ལས་ཀའི་འཆར་གཞི་ལེགས་པར་འགོད་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”དམིགས་ནས་འབྲེལ་ཡོད་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལོ་འགོར་གཏན་ལ་ཕབ་པའི་འཆར་གཞི་ལྟར་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལས་འགན་ཁག་དུས་བཀག་ལྟར་ལེགས་སྒྲུབ་བྱེད་པ། ཕྱི་ལོའི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཚེས་26ཉིན་གྱི་ཕྱི་དྲོ། བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་64པ་གཙོ་སྐྱོང་གནང་བ་མ་ཟད་མཇུག་འགྲིལ་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་ཕུལ་བའི་དོན་གནད་ཁག་ལ་ཞིབ་འཇུག་ཀྱང་གནང་བ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)