《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月30日

ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་འཚོགས་ནས། ཀྲུང་དབྱང་ལས་ཁུངས་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ནང་དོན་གནད་བསྡུས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། འབྲེལ་ཡོད་ཞིབ་ཕྲའི་དོན་གནད་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཨུ་ཡོན་ལིའུ་ཅང་དང་ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་ཞུགས་མི་སྣའི་གཏམ་བཤད་གསན་རྗེས་ཝུའུ་དབྱིང་ཅེས་འདི་ལོ་ཚུན་གྱི་རང་ལྗོངས་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ལས་ཁུངས་སྒྲིག་གཞིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་མཐའ་འཁྱོངས་བྱ་རྒྱུ་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བཏོན་གནང་བའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལེན་པ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) དུས་བབ་གསར་པ་དང་ལས་འགན་གསར་པར་རང་འགུལ་ངང་འཚམ་པར་བྱེད་པ། རང་རྟོགས་ངང་དེའི་ཁྲོད་ནས་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་ཁ་ཕྱོགས་དང་བྱ་ཐབས་འཚོལ་བ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ལ་དམིགས་ཏེ་ལས་དོན་ཁག་ཡག་པོ་སྒྲུབ་པ། རང་ལྗོངས་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་འགན་ལེན་ནུས་ལྡན་བྱེད་དགོས།

གཅིག་ནས་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས། “སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་རྩ་དོན་ཆེ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་གིས་ལས་ཁུངས་སྒྲིག་གཞིར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱས་ནས་ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་ཁག་མཐུན་སྦྱོར་ཡོང་བའི་འགན་ལེན་བྱེད་དགོས།

གཉིས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས། ཆབ་སྲིད་ཐད་ནས་བསམ་གཞིག་དང་སྤྱི་ཡོངས་ནས་བསམ་གཞིག་མཐའ་འཁྱོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ལས་ཁུངས་སྒྲིག་གཞིའི་ལས་དོན་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཁ་གསལ་བཏོན་པའི་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ནང་བཞག་ནས་འཆར་འགོད་བྱེད་པ་དང་། སྒྲིག་གཞི་དང་། འགན་ནུས། སྒྲིག་ཁོངས་བཅས་ལས་རིགས་གཙོ་བོ་གསུམ་ལ་དམིགས་ཏེ་སྒྲིག་སྲོལ་ལམ་སྲོལ་གྱི་འགན་ལེན་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཡག་པོ་ཞུ་དགོས།

གསུམ་ནས་ཁོངས་གཏོགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས། ལྗོངས་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟར་ཡོང་བ་མཐའ་འཁྱོངས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་མིག་སྔར་གཞི་འཛུགས་པ་དང་ཕུགས་ལ་དམིགས་པ་དང་། གནད་སྨིན་ཇུས་བསྟར་དང་ཞིབ་རྩིས་ཏན་ཏིག་རྒྱག་པ། དགོས་ངེས་འགན་ལེན་དང་གཞི་རྩ་འགན་ལེན་ལ་དམིགས་པ། སྒྲིག་གཞིའི་ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་སུ་སྤྱོད་པ། སྒྲིག་གཞིའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ནས་སྒྲིག་གཞི་རེ་རེས་ཕན་ནུས་ཆེ་ཤོས་འདོན་སྤེལ་ཐུབ་པའི་འགན་ལེན་བྱས་ཏེ་སྒྲིག་གཞིའི་ནུས་པ་མཁོ་ཆེ་སར་སྤྱོད་དགོས།

བཞི་ནས་སྒྱུར་བཅོས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས། སྒྱུར་བཅོས་གསར་གཏོད་དེ་སྒུལ་ཤུགས་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་། སྒྱུར་བཅོས་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས། འགུལ་རྣམ་ལེགས་སྒྲིག་དང་དོ་དམ་དཔྱད་དཔོག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་ཁུངས་སྒྲིག་གཞི་དོ་དམ་གྱི་མཉམ་ཤུགས་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་ཁུངས་སྒྲིག་གཞིའི་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་དགོས། ལེགས་སྒྱུར་དང་། མཐུན་སྦྱོར། ཕན་འབྲས་ཆེ་བ་བཅས་མཐའ་འཁྱོངས་བྱས་ནས་སྲིད་གཞུང་གིས་འགན་ནུས་བསྒྱུར་བ་དང་ཕན་ནུས་ཆེ་རུ་གཏོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

ལྔ་ནས་དམངས་ཆེད་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་། སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་རྒྱུན་འཁྱོངས་ཀྱིས་དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུ་གཅིག་འགྲིལ་ལ་དམ་པོར་དམིགས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་ལམ་སྲོལ་ཞིབ་འཇུག་དང་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་བཏོན་པའི་མངོན་གསལ་དོད་པའི་གནད་དོན་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་བྱེད་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་མངོན་གསལ་དོད་པའི་ཁྲིད་ཕྱོགས་མཐའ་འཁྱོངས་ཀྱིས་སྒྲིག་ཁུངས་ཀྱི་ཐོན་ཁུངས་དང་། དོ་དམ་དབང་ཆ། དམངས་འཚོར་ཞབས་འདེགས་ཞུ་བ་བཅས་སྔར་ལས་མང་བ་གཞི་རིམ་གྱི་འཐབ་ས་དང་པོར་སྤྲོད་རྒྱུར་སྐུལ་འདེད་བཏང་སྟེ་གཞི་རིམ་གྱི་བཅོས་སྐྱོང་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

དྲུག་ནས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་ཕྱོགས་སོ་སོར་ལག་བསྟར་དོན་འཁྱོལ་རྒྱུན་འཁྱོངས་ཀྱིས། ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་སྒྲིག་གཞིའི་སྲོལ་ཡིག་ལག་བསྟར་ནན་ཏན་དང་། ཁྲིམས་ལྟར་དབང་ཆ་གཏན་འབེབས་དང་། དབང་ཆ་ཚད་ལྡན། དབང་ཆར་ཚོད་འཛིན། དབང་ཆར་ལྟ་སྐུལ་བཅས་བྱེད་པ་དང་། ལས་ཁུངས་སྒྲིག་གཞིའི་སྒྲིག་ཁྲིམས་ནན་དུ་གཏོང་བ། བཙན་ཞིང་ནན་པའི་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་ཁུངས་སྒྲིག་གཞིའི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

མཇུག་ཏུ་ཝུའུ་དབྱིང་ཅེས་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་ཀྱིས་འགན་འཁྲི་ཏན་ཏིག་ཁུར་ནས་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁུར་བློ་མཐུན་གཙོ་བོ་སྐུ་ངོ་མས་སྒྱུར་བཅོས་དང་། དོ་དམ། དོན་འཁྱོལ་བཅས་ལ་དམ་འཛིན་བྱེད་པ། རིམ་ཁག་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་གཏན་འབེབས་དང་དབང་ཚད་ལ་གཞིགས་ནས་འགན་འཁྲི་སྒྲུབ་པ། རིམ་ཁག་སྒྲིག་གཞི་གཞུང་དོན་ཁང་གིས་ཇུས་འདོན་དང་ལྟ་སྐུལ་ཞིབ་བཤེར་གྱི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱེད་པ། ཁོངས་ཞུགས་ཚན་པ་ཁག་གིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཐུན་མོང་ཐོག་ལས་ཁུངས་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་དགོས་པ་བཅས་རེད།