《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月30日

ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་དང་བཞུགས་མོལ་གནང་བ།

ཆེ་དགྲ་ལྷ་དང་ཏིང་ཡེ་ཤན་ཕེབས་པ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།

ཚེས་27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་ནས་ཁོང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཝུའུ་དབྱིང་ཅེས་གཟེངས་བསྟོད་ཐོབ་པའི་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་རེ་རེ་དང་ཕྱག་བཏང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་27ཉིན་གནས་ཚུལ་འབྱོར་གསལ། གཟེངས་བསྟོད་ཐོབ་པའི་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་མཚན་སྙན་གྱིས་ཕྱུག་བཞིན་ཕྱིར་ལོག་གནང་བ་རེད། ཚེས་27ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཁོང་ཚོ་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་བ་དང་འབྲེལ། ཁོང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག ཁོང་ཚོ་བརྒྱུད་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་རང་ལྗོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལིའུ་ཅང་དང་ཁྲེན་ཡུང་ཆི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་འཐུས་མི་ཅིང་ཝུན་ཁྲང་དང་། ཉི་མ་དོན་གྲུབ། རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པའི་འཐུས་མི་ཚེ་རིང་དོན་གྲུབ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས། རང་རང་སོ་སོའི་མྱོང་ཚོར་དངོས་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་སྤེལ་བ་རེད། ཝུའུ་དབྱིང་ཅེས་ཅིང་ཝུན་ཁྲང་དང་ཚེ་རིང་དོན་གྲུབ་སོགས་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་ཚོས་ལས་གནས་ཐོག་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ལས་འགན་ཁག་ལེགས་སྒྲུབ་བྱས་པར་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཉི་མ་དོན་གྲུབ་ཀྱི་ས་ནས་ལྗོངས་ཡོངས་ཀྱི་འཁྱགས་སྦྲེལ་སྐྱེལ་འདྲེན་གྱིས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དགུན་བཤས་གཏོང་གི་འདུ་ཤེས་སྒྱུར་བའི་སྐོར་དང་འབབ་འཕར་ཕྱུག་འགྱུར་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ཉི་མ་དོན་གྲུབ་ཀྱིས་བྱེད་ཐབས་གསར་གཏོད་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཉེ་འཁོར་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དངོས་འབྲེལ་ཚོར་ཐུབ་པ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་སྐུལ་ལྕག་གནང་བ་རེད།

ཝུའུ་དབྱིང་ཅེས་དོན་དངོས་ཀྱི་དཔེ་འབོར་ཆེན་དྲངས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་རང་ལྗོངས་ཀྱི་མི་རིགས་ཁག་གི་ངལ་རྩོལ་མང་ཚོགས་ཚོས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ཐོག་མཐའ་བར་གསུམ་དུ་བདག་པོའི་འདུ་ཤེས་དར་སྤེལ་བཏང་སྟེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཕུལ་བའི་ཁྱད་དུ་འཕགས་པའི་ལེགས་སྐྱེས་གསུངས་གནང་བ་རེད།

ཝུའུ་དབྱིང་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་ལ་འཐབ་ཇུས་བཀོད་སྒྲིག་གནང་ཡོད་ལ། བླང་བྱ་ཁ་གསལ་ཡང་བཏོན་གནང་བ་དེར་བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ད་ཐེངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་29ཡི་ནང་སྨན་བཅོས་ལས་དོན་པའི་འཐུས་མི་དང་། དགེ་རྒན་གྱི་འཐུས་མི། བཟོ་པའི་འཐུས་མི། ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་བཅས་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཚང་མའི་ཉམས་མྱོང་དང་། ལས་རིགས། ལས་གནས་བཅས་མི་འདྲ་མོད། འོན་ཀྱང་ཚང་མ་རང་ལྗོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཁྲོད་ཀྱི་ཕུལ་བྱུང་གི་འཐུས་མི་ཤ་སྟག་རེད། ཁྱེད་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཐོག་གཅིག་སྡུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་ལྕག་ལས་ཀའི་སྒུལ་ཤུགས་སུ་འགྱུར་བར་བྱེད་པ། གཟི་བརྗིད་ལ་གཅེས་སྤྲས་དང་། ཡང་འབད་བསྐྱར་འབད། གསར་གཏོད་ལ་བརྩོན་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་ཧུར་ཐག་ཞུགས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

གཅིག་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་མཁན་གྱི་སྣེ་ཁྲིད་དམག་ལ་བརྩོན་ལེན་བྱེད་དགོས། “སྲུང་སྐྱོང་གཉིས”ཀྱི་ཐད་མིག་དཔེའི་ནུས་པ་བཏོན་ཏེ་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་མང་གི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བ་ཞིག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས་ཏང་ལ་བཅངས་པའི་བསམ་བློའི་མོས་སེམས་དང་། ཆབ་སྲིད་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སྔར་བས་ཟབ་ཏུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡིད་ཆེས་བརྟན་དུ་གཏོང་དགོས།

གཉིས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་མཁན་གྱི་སྣེ་ཁྲིད་པར་བརྩོན་ལེན་བྱེད་དགོས། ལོ་རྒྱུས་ཀྱི་འོས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་ཆེ་རུ་བཏང་ནས་རྒྱལ་ཁབ་དང་མི་རིགས་ཡག་པོ་བྱུང་ན་ཚང་མ་གཞི་ནས་ཡག་པོ་ཡོང་བར་ངོས་འཛིན་གཏིང་ཟབ་དང་། རང་རྟོགས་ངང་སྤྱི་ཡོངས་སྲུང་སྐྱོང་དང་སྤྱི་ཡོངས་ལ་ཞབས་འདེགས། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་བདེ་འཇགས་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་བཅས་བྱས་ནས་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་མཐའ་དག་དང་མཐའ་གཅིག་ཏུ་འཐབ་རྩོད་བྱེད་དགོས། ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པའི་བླ་ན་མེད་པའི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ལ་སྐུལ་ལྕག་བྱེད་པ་དང་། དར་ཆ་གསལ་སྟོན་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ་དང་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་བཟུང་སྟེ་རང་ཉིད་ཀྱི་འབད་འཐབ་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོར་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱེད་དགོས།

གསུམ་ནས་བྱས་རྗེས་འཇོག་མཁན་གྱི་གཙོ་ཤུགས་དམག་ལ་བརྩོན་ལེན་བྱེད་དགོས། ངལ་རྩོལ་ནི་ཆེས་གཟི་བརྗིད་དང་། ངལ་རྩོལ་ནི་ཆེས་བླ་ན་མེད་པ། ངལ་རྩོལ་ནི་ཆེས་རླབས་ཆེན། ངལ་རྩོལ་ནི་ཆེས་མཛེས་སྡུག་ལྡན་པ་བཅས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས། ལས་གནས་ལ་གཞི་ཚུགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དམངས་འཚོ་འགན་ལེན་དང་ལེགས་བཅོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བཅས་ལ་ཧུར་ཐག་ཞུགས་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

བཞི་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པར་ལེགས་སྐྱེས་འབུལ་མཁན་བརྩོན་ལེན་བྱེད་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་ཏང་ལ་ལྷག་བསམ་རྣམ་དག་དང་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་རྣམ་དག་དེ་རྒྱལ་ཁབ་ཀྱི་ས་ཆ་སྦར་མོ་གང་ཡང་སྲུང་སྐྱོང་བྱེད་པ་དང་འབྲེལ་འདྲེས་ཐུབ་པ་དང་ས་མཚམས་ཀྱི་རྡོ་རིང་རེ་རེར་བརྐོས་ཐུབ་པར་བྱེད་དགོས།

ལྔ་ནས་འཇོན་ཐང་དང་ནུས་པ་ཆེ་བའི་འབད་འཐབ་པར་བརྩོན་ལེན་བྱེད་དགོས། དུས་རབས་གསར་པ་དང་། འཕེལ་རྒྱས་གསར་པ། བླང་བྱ་གསར་པ་བཅས་དང་ཧུར་ཐག་འཚམ་པར་བྱས་ཏེ། དཀའ་སྤྱད་སྦྱོང་བརྡར་དང་བརྩོན་ཞིབ་གཏིང་ཟབ་བྱས་ནས་ཤེས་ཡོན་ལྡན་པའི་ངལ་རྩོལ་བ་དང་། རྩལ་ནུས་ལྡན་པའི་ངལ་རྩོལ་བ། གསར་གཏོད་ཅན་གྱི་ངལ་རྩོལ་བ་བཅས་སུ་ཧུར་ཐག་འགྱུར་བར་བྱེད་དགོས། གཞོན་ནུར་སྣེ་ཁྲིད་ཀྱིས་རྩལ་ནུས་སྦྱོང་བ་དང་འཇོན་ཐང་ཆེ་རུ་བཏང་སྟེ་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཧུར་ཐག་ཞུགས་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ལག་རྩལ་བཟོ་པ་གསོ་སྐྱོང་དང་། བེད་སྤྱོད། གདེང་འཇོག དཔྱད་ཞིབ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ། ལག་རྩལ་བཟོ་པའི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཕུགས་བསམ་ལྡན་ལ་དད་སེམས་སྲུང་བ་དང་། ལག་རྩལ་མཁས་ལ་གསར་གཏོད་བྱེད་ཤེས་པ། འགན་སེམས་ལྡན་ལ་ལེགས་སྐྱེས་འབུལ་བར་སྣང་ཆེན་བཅས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་ཅིག་སྐྲུན་དགོས།

ཝུའུ་དབྱིང་ཅེས་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་སྦྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་ཡག་པོ་བཏོན་ནས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱ་ཆེའི་ལས་བཟོ་ཏང་གི་མཐའ་འཁོར་དུ་ནུས་ཤུགས་ཡོད་རྒུས་གཅིག་སྡུད་བྱེད་དགོས་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བློ་གཅིག་སེམས་གཅིག་ངང་བཟོ་པའི་གྲལ་རིམ་ལ་བརྟེན་པའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་དང་། སྟབས་བདེ་དང་ཕན་པ་ཁེ་ལས་ལ་སྤྲོད་པ་མཐའ་འཁྱོངས་བྱས་ཏེ། དམིགས་བསལ་དཀའ་ངལ་ཡོད་པའི་ལས་བཟོ་དང་། ཞིང་འབྲོག་ལས་མི། འཐབ་ཕྱོགས་དང་པོའི་ལས་བཟོ་བཅས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱས་ནས་ངལ་རྩོལ་བའི་ཡོང་འབབ་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། ཏང་གིས་བཟོ་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་བཟོ་ཚོགས་ཀྱིས་ཁྲིམས་དང་སྒྲིག་སྲོལ་བཞིན་ལས་དོན་སྤེལ་ཆེད་དེ་བས་མཐུན་རྐྱེན་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

(ཚེ་ཁོས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)