《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月29日

ལག་རྩལ་སྣེ་གཅིག་ཤེས་པས་དབུལ་སྒྲོལ་ལ་སེམས་ཤུགས་ཀྱིས་ཁེངས་སོང་།

དགུན་དུས་ཀྱི་ལྷོ་བྲག་གྲང་ངར་ཆེ་རུང་། ལྷོ་བྲག་རྫོང་རྫ་ར་ཤང་གནས་གྲོང་ཚོའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་པ་སངས་སྒྲོལ་དཀར་གྱི་སེམས་དྲོ་སོབ་སོབ་ཏུ་གྱུར་ཡོད། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་ཁོང་གིས་འཚེམ་བཟོ་ཤེས་ཏེ་ལག་རྩལ་དེར་བརྟེན་ནས་དབུལ་སྒྲོལ་ཐུབ་པ་དང་མི་ཚེའི་ལས་དབང་ལ་འགྱུར་ལྡོག་བྱུང་ཡོད།

པ་སངས་སྒྲོལ་དཀར་ཆུང་དུས་ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་ལ་འགྱུར་བ་དང་འབྲེལ་ཡོད་སྡེ་ཚན་གྱིས་དབང་པོ་སྐྱོན་ཅན་རིམ་པ་བཞི་པར་གཏན་འཁེལ་བྱས།

ཆུང་དུས་དབང་པོ་སྐྱོན་ཅན་ལ་འགྱུར་བ་ལས་སེམས་ཁམས་དང་འཚོ་བར་ཕོག་ཐུག་ཆེན་པོ་བྱུང་སྟེ་དེ་ཙམ་ཕྱུག་པོ་མེད་པའི་ཁྱིམ་ཚང་དེའི་ཆ་རྐྱེན་དེ་བས་སྐྱོ་རུ་ཕྱིན་ནས་དཀའ་ངལ་གྱི་གནས་སུ་ལྷུང་།

འཚོ་བ་སྐྱོ་རུ་འགྲོ་བའི་སྐབས་པ་སངས་སྒྲོལ་དཀར་ལ་རེ་བ་གསར་པ་ཞིག་རྙེད་ཡོད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཁོང་གིས་ལྷོ་བྲག་རྫོང་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་ཀུང་སིར་བསྐྱོད་དེ་འཚེམ་བཟོ་སྦྱངས།

པ་སངས་སྒྲོལ་དཀར་གྱིས་ཐོབ་པར་དཀའ་བའི་གོ་སྐབས་དེར་གཅེས་སྤྲས་ཧ་ཅང་ཆེན་པོ་བྱས་ཏེ་གསོ་སྦྱོང་བྱེད་རིང་ཁོང་གིས་རྟག་ཏུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས། ཞོགས་པ་གསོ་སྦྱོང་འཁོར་ཁང་དུ་སླེབས་མཁན་སྔ་ཤོས་དེ་ཁོང་ཡིན་པ་དང་མཚན་མོ་ཁོང་གིས་རྟག་ཏུ་ཉིན་མོ་སྦྱངས་པའི་ལག་རྩལ་སྐྱར་སྦྱོང་བྱས་ཏེ་བརྟན་དུ་གཏོང་གི་ཡོད། སྐབས་རེ་རྨི་ལམ་ལའང་ཉིན་མོ་གསོ་སྦྱོང་བྱེད་པའི་རྣམ་པ་གཏོང་གི་ཡོད། “ངས་ངེས་པར་དུ་རང་ཉིད་གོ་ཆོད་པའི་མི་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡིན་ལ། ངའི་དབང་པོར་སྐྱོན་ཡོད་རུང་གཞན་ལས་སྐྱོ་བ་བྱེད་ཀྱི་མིན”ཞེས་པ་སངས་སྒྲོལ་དཀར་གྱི་སེམས་ཐག་བཅད་པ་དང་། ཁོང་གིས་ངེས་པར་དུ་ད་རེས་ཀྱི་གསོ་སྦྱོང་བརྒྱུད་མི་གཞན་གྱིས་ཁོང་ལ་འཛིན་པའི་ལྟ་སྟངས་ལ་འགྱུར་ལྡོག་གཏོང་བ་དང་རང་ཉིད་ཀྱི་མི་ཚེའི་ལས་དབང་དང་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་གཏོང་བའི་སེམས་ཐག་བཅད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཞེས་པ་ལྟར་གསོ་སྦྱོང་དགེ་རྒན་གྱི་མཛུབ་ཁྲིད་དང་རང་ཉིད་ཀྱི་འབད་བརྩོན་འོག་པ་སངས་སྒྲོལ་དཀར་གྱིས་འཚེམ་བཟོའི་ལག་རྩལ་ཁོང་དུ་ཆུད་པ་མ་ཟད། ལྷོ་བྲག་རྫོང་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་ཀུང་སིའི་ལས་མི་ངོ་མར་གྱུར།

ལྷོ་བྲག་རྫོང་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་ཀུང་སི་ནི་2017ལོར་བཙུགས་པ་དང་ལྷོ་བྲག་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་རམ་འོག་རྒྱ་སྟོབས་ཆེ་རུ་ཕྱིན་པའི་དབུལ་སྐྱོར་ཁེ་ལས་ཤིག་རེད། ཀུང་སིས་སློབ་མའི་སློབ་གོས་དང་མི་རིགས་ཀྱི་གྱོན་གོས་འཚེམ་རྒྱུ་ལས་སྒོ་གཙོ་བོར་བྱས་པ་དང་ལས་མི་མང་ཆེ་བ་དབང་པོ་སྐྱོན་ཅན་ཡིན་པ་མ་ཟད། མང་ཆེ་བ་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཤ་སྟག་རེད། མིག་སྔར་ཀུང་སི་དེའི་ལོའི་ཡོང་འབབ་སྒོར་ཁྲི་89ཙམ་ཟིན་པ་དང་ཁྱོན་མི་45ཡི་ལས་ཞུགས་ལ་སྐུལ་ཁྲིད་བྱས་པའི་ཁྲོད་དབང་པོ་སྐྱོན་ཅན་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་23ཡོད་པ་རེད།

“ལོ་འདི་དག་ནང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ཁོང་ཚོ་རང་ཉིད་ཀྱི་འབད་བརྩོན་འོག་དབང་པོ་སྐྱོན་ཅན་མང་པོ་རང་ཉིད་ཀྱིས་ཤེས་པའི་འཚེམ་བཟོའི་ལག་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་དང་འཚོ་བ་གསར་པ་གཏོད་འགོ་ཚུགས་ཡོད”ལྷོ་བྲག་རྫོང་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཨོ་རྒྱན་རྡོ་རྗེས་རང་ཉིད་ཀྱི་བྱ་གཞག་ལ་སྤོབས་པ་ཚད་མེད་སྐྱེས་པ་མ་ཟད། ད་དུང་གནོན་ཤུགས་ཀྱང་ཆེན་པོ་བྱུང་སྟེ“ཁེ་ལས་ཤིག་གཉེར་བ་ནི་སྟབས་བདེ་པོ་ཞིག་ག་ལ་ཡིན། ཡིན་ནའང་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པས་མིག་སྔར་ཀུང་སིས་རྫོང་གི་སློབ་གྲྭ་ཁག་གི་སློབ་གོས་བཟོ་གི་ཡོད། སླད་ཕྱིན་ང་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་མངགས་ཐོ་མང་ཙམ་རག་པ་བྱས་ནས་ཀུང་སི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་དབང་པོ་སྐྱོན་ཅན་དེ་བས་མང་བ་ལས་ཞུགས་ཐུབ་པ་བྱས་ཏེ་ཁོང་ཚོའི་འཚོ་བ་གང་མགྱོགས་ཇེ་ཡག་ཏུ་འགྲོ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

ལྷོ་བྲག་རྫོང་དབང་པོ་སྐྱོན་ཅན་གསོ་སྦྱོང་ཚད་ཡོད་ཀུང་སིར་ལས་ཀ་བྱེད་མཁན་པ་སངས་སྒྲོལ་དཀར་ལ་ཟླ་རེར་གླ་ཆ་སྒོར་2700ཡོད་པ་རེད། པ་སངས་སྒྲོལ་དཀར་གྱིས“ཀུང་སིས་ཟ་སྡོད་ཀྱི་འགན་འཁུར་གྱི་ཡོད་པས་རྒྱུན་དུ་ང་ཚོས་དངུལ་སྐར་མ་གཅིག་ཀྱང་གཏོང་དགོས་མི་འདུག ད་ཆ་གླ་པ་རྒྱུག་པའི་ཡོང་འབབ་ཀྱིས་ཁྱིམ་ཚང་ནང་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཉོས་ཡོད་པ་མ་ཟད། ད་དུང་དངུལ་ཕྲན་ཙམ་བསགས་ནས་སྐབས་འཕྲལ་གྱི་དགོས་མཁོར་བཞག་ཡོད་ཅེས་དགའ་ཚོར་ཆེན་པོས་བཤད།

འཚེམ་བཟོའི་ལག་རྩལ་ཤེས་རྗེས་པ་སངས་སྒྲོལ་དཀར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོང་གིས“དེ་སྔ་ངས་ལག་རྩལ་གང་ཡང་ཤེས་ཀྱི་མེད་པས་མི་གཞན་གྱིས་མཐོང་ཆུང་བྱེད་ཀྱི་འདུག ད་ཆ་ངས་རང་ཁ་རང་གསོ་ཐུབ་པ་མ་ཟད། ད་དུང་མི་དེ་བས་མང་བར་འཚེམ་བཟོའི་ལག་རྩལ་སློབ་ཐུབ་པས་མི་དེ་བས་མང་བས་ལག་རྩལ་ལ་བརྟེན་ནས་མི་ཚེ་དང་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བཤད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་པད་ཆོས་ཀྱིས་ཞུས)