《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月29日

སློབ་ཆུང་སློབ་མར་རྩོམ་རིག་བརྩམས་ཆོས་ལྟ་ཀློག་གི་ཁྲིད་སྟོན་བྱེད་པའི་གལ་ཆེའི་རང་བཞིན་སྐོར་གླེང་བ།

རྩོམ་རིག་བརྩམས་ཆོས་ནི་མིའི་རིགས་ཀྱི་རིག་གནས་ཀྱི་ཉིང་བཅུད་དང་མི་ཆོས་རིག་གནས་ཀྱི་སྙིང་པོ་ཡིན་ལ། མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བའི་གྲུབ་འབྲས་ཡིན་གཤིས། མི་ཚོས་རྩོམ་རིག་བརྩམས་ཆོས་གྲངས་མེད་ལ་ལྟ་ཀློག་བྱས་པ་བརྒྱུད་རང་གི་བློ་སྒོ་འབྱེད་ཐབས་ལ་འབད་ཅིང་། ཡང་དག་པའི་འཛམ་གླིང་ལྟ་བ་དང་། མི་ཚེའི་ལྟ་བ་ཆགས་པར་བྱེད། དེས་ན་ཇི་ལྟར་བྱས་ནས་སློབ་ཆུང་སློབ་མས་རྩོམ་རིག་བརྩམས་ཆོས་ལྟ་ཀློག་བྱེད་པར་ཡང་དག་པའི་ཁྲིད་སྟོན་བྱེད་དགོས་མིན་ནི་སློབ་གསོ་སློབ་ཁྲིད་ཀྱི་ལག་ལེན་ནང་གལ་འགངས་ཤིན་ཏུ་ཆེ་བའི་ནང་དོན་ཞིག་རེད།

དང་པོ། རྩོམ་རིག་བརྩམས་ཆོས་ལྟ་ཀློག་གི་མོས་པ་སྐྱེད་སྲིང་བྱེད་ཐབས།

དགེ་རྒན་གྱིས་སློབ་ཆུང་སློབ་མའི་སེམས་ཁམས་འཚར་ལོངས་ཀྱི་ཁྱད་ཆོས་ལ་དམིགས་ནས། གྲགས་ཅན་གྱི་རྩོམ་རིག་བརྩམས་ཆོས་མང་ཙམ་ངོ་སྤྲོད་དང་། སྒྲུང་གཏམ་ཤོད་པ་སོགས་ཀྱི་ཐབས་ལམ་བརྒྱུད་གོ་བདེ་རྟོགས་སླའི་རྩོམ་རིག་བརྩམས་ཆོས་གང་མང་ཉན་དུ་འཇུག་དགོས། རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བར་རང་རང་སོ་སོའི་ཕུལ་དུ་བྱུང་བའི་གྲགས་རྩོམ་བགྲང་གིས་མི་ལང་བ་ཡོད་ཅིང་། རྒྱལ་ཁབ་དང་མི་རིགས་སོ་སོའི་ལོ་ཙཱ་བས་གྲགས་རྩོམ་དེ་རིགས་རང་གི་སྐད་དང་ཡི་གེར་ཕབ་སྒྱུར་བྱས་ཡོད། ཡིག་ངོ་མི་ཆོད་པ་དང་སློབ་གྲྭ་མ་འགྲིམ་པ་དག་ལ་མཚོན་ན། སྒྲ་དང་བརྙན་གྱི་ལམ་ནས་སྲོག་ཆགས་ཀྱི་སྒྲུང་དང་གནའ་གཏམ་སྣ་ཚོགས་ལྟ་ཉན་བྱེད་དུ་འཇུག་དགོས། དེ་འདྲ་བྱས་ན་ཁོ་ཚོའི་རྒྱུད་ལ་ངོ་མཚར་དང་ཡ་མཚན་གྱི་བག་ཆགས་ཟབ་མོ་འཇོག་ཐུབ་པ་དང་། དེ་ནས་བྱིས་པ་དག་གིས་ཉན་སྤྲོ་བའི་སྒྲུང་ཐུང་དག་ཡང་ནས་བསྐྱར་དུ་ཉན་དུ་བཅུག་སྟེ། ལད་ཟློས་ཀྱི་རྣམ་པའི་ཐོག་ནས་སེམས་ལ་གང་ངེས་པ་ཁ་ནས་ཤོད་དུ་འཇུག་དགོས། དེ་ནས་ག་ལེར་མི་གཞན་ལ་ཤོད་དུ་བཅུག་ན། དྲན་པ་ཇེ་གསལ་དང་ཁོ་ཚོའི་བསམ་པའི་འཆར་སྒོ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་ཕན།

དེ་ལྟའི་རྨང་གཞི་ངེས་ཅན་ལྡན་པ་དག་གིས་ལོ་རིམ་རིམ་བཞིན་འཕར་བ་དང་བསྟུན་ནས་ཡིག་རིས་ཉིས་ལྡན་གྱི་སྒྲུང་དཔེ་དག་ལ་ལྟ་རྒྱུར་སྐུལ་དགོས་པ་དང་། ལོ་ནའི་ཁྱད་ཆོས་དང་མཐུན་པར་རང་མི་རིགས་ཙམ་མ་ཟད། མི་རིགས་གཞན་གྱི་གྲགས་རྩོམ་གང་མང་ལྟ་ཀློག་བྱ་རྒྱུར་སྐུལ་དགོས། དེ་ལྟར་བྱས་ན་སློབ་མས་རྗོད་པ་ཐུང་ཐུང་བཟོ་སྐབས་དང་རྩོམ་ཡིག་ཐུང་ཐུང་འབྲི་སྐབས་འགོ་གང་ནས་འཛུགས་དགོས་པ་དང་། ནང་དོན་གང་ཞིག་འབྲི་དགོས་མིན་མ་ཤེས་པར་ཅི་བྱ་གཏོལ་བྲལ་དུ་ལུས་པའི་དཀའ་གནད་དེ་ངང་གིས་སེལ་ཐུབ། འཆར་ཅན་གྱི་སློབ་ཁྲིད་ལས་ཤེས་ཡོན་གང་མང་བསླབས་ཟིན་པས་མ་ཚད། དུས་ཡུན་རིང་པོའི་སློབ་ཕྱིའི་ལྟ་ཀློག་གི་གསོག་འཇོག་འོག་སློབ་མ་རང་ཉིད་ཀྱིས་མ་བསམ་ས་ནས་ཐ་སྙད་མང་པོ་ཉར་ཚགས་ཐུབ་ངེས་པ་ནི་ང་ཚོས་ཉམས་མྱོང་ལས་ཤེས་རྟོགས་ཐུབ།

ལོ་ཆུང་བྱིས་པ་རྣམས་ངོ་མཚར་ཆེ་བའི་སྒྲུང་གཏམ་གྱི་འཇིག་རྟེན་ལ་འཁྲིད་ཐུབ་ཚེ། ཁོ་ཚོའི་སེམས་ཀྱི་ཞིང་སར་རྩོམ་རིག་བརྩམས་ཆོས་ལྟ་ཀློག་གི་ས་བོན་འདེབས་ཐུབ་པ་ཡིན། གོམས་ན་སླ་བར་མི་འགྱུར་བའི། དངོས་དེ་འགའ་ཡང་ཡོད་མ་ཡིན་ཟེར་བ་ལྟར། གོམས་གཤིས་དེ་འདྲ་རྒྱུད་ལ་འཇགས་པ་དག་གིས་རང་གི་ལོ་ནའི་ཁྱད་ཆོས་དང་མཐུན་པའི་ཐོས་པ་གང་ཐུབ་གསོག་པའི་མཐུན་རྐྱེན་ཆུང་དུས་ནས་འཚོལ་ཤེས་ངེས་པ་དང་། ཡིག་ངོ་ཆོད་པ་དང་སློབ་གྲྭ་ཆེ་ཆུང་རིམ་པས་འགྲིམས་རྗེས། རང་གི་དགའ་མོས་དང་འགྲོགས་ནས་ལྟ་ཀློག་གི་བར་མཐོངས་ཇེ་ཡངས་སུ་གཏོང་བའི་གལ་ཆེའི་རང་བཞིན་གསལ་བཤད་དང་དེའི་རྒྱུན་དོར་མི་རུང་བའི་ཁྲིད་སྟོན་བྱེད་དགོས།

གཉིས་པ། རྩོམ་རིག་བརྩམས་ཆོས་ལྟ་ཀློག་གི་གལ་ཆེའི་རང་བཞིན་ཤེས་རྟོགས་བྱེད་དུ་འཇུག་དགོས།

ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་བཅོམ་མཚོན་གྱི་མཆོག །ཐབས་ཚུལ་མན་ངག་བསྟེན་པར་གྲོགས་ཀྱི་མཆོག །ཅེས་གསུངས་པ་ལྟར་སྔོན་བྱོན་མཁས་པའི་དབང་པོ་སུ་རུང་གིས་ཐོས་བསམ་གྱི་སྒོ་མོ་ཡངས་པོར་ཕྱེ་ནས། འཆད་རྩོད་རྩོམ་པའི་བགྱི་བ་དོན་དུ་གཉེར་བ་བསྙོན་དུ་མེད། དེས་ན་ན་ཆུང་སློབ་མ་ཚོར་ཇི་ལྟར་བྱས་ནས་ཐོས་པ་མང་ཙམ་གསོག་དགོས་པ་དང་། རང་གི་ཤེས་པའི་ཡོན་ཏན་བེད་སྤྱོད་གང་ལེགས་གཏོང་དགོས་པའི་ཁྲིད་སྟོན་བྱས་ནས། རྩོམ་རིག་བརྩམས་ཆོས་ལྟ་ཀློག་ལ་དགའ་བའི་མོས་སེམས་སྐྱེད་སྲིང་དང་། དེའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཟབ་ཏུ་གཏོང་དགོས།

འཚར་ལོངས་ཀྱི་བརྒྱུད་རིམ་ནང་ལོ་ན་ཆུང་དུས་ཀྱི་ཐོག་མའི་མཚར་སྣང་དང་དད་མོས་དག་རིམ་བཞིན་བྱ་དངོས་གསར་པ་མང་དག་ཅིག་གིས་ཚབ་བྱེད་ངེས་ལ། ཁ་པར་དང་གློག་ཀླད་སོགས་གསར་དར་དངོས་རིགས་མང་པོས་བསམ་པ་རྩེ་གཅིག་ཏུ་ལྟ་ཀློག་བྱེད་པའི་གེགས་བྱེད་མུས་ལགས་ན། དེ་བས་དགེ་རྒན་གྱིས་སློབ་མ་ཚོར་རྩ་ཆེའི་དུས་ཚོད་ཆུད་ཟོས་སུ་མི་འགྲོ་བ་དང་ཟང་ཟིང་འདུ་འཛིའི་དབང་དུ་འཕྱན་ནས་དཔེ་དེབ་ལྟ་ཀློག་གི་གོ་སྐབས་ཤོར་དུ་འཇུག་མི་རུང་། དགེ་རྒན་གྱིས་དུས་བསྟུན་ཁྲིད་སྟོན་བྱ་རྒྱུར་སྣང་ཆེན་བྱས་ཏེ། ངོ་མཚར་དང་ཡ་མཚན་ཆེ་བ་དང་། ལྟ་རིན་དང་མྱོང་རིན་ཡོད་པའི་འཇིག་རྟེན་ཞིག་དཔེ་དེབ་ནང་ན་ཡང་ཡོད་པ་ཤེས་སུ་འཇུག་དགོས།

དེ་ཡང་ཐོས་པ་ཇི་ཙམ་མང་བ་བསགས་ན་རྒྱུད་ལ་ཡོན་ཏན་དེ་ཙམ་གྱིས་མང་བ་འཇགས་ངེས། སློབ་ཁྲིད་ཀྱི་གནས་སྐབས་དངོས་དང་སློབ་ཕྱིའི་གནས་སྐབས་གང་དུ་ཡང་རྒས་ཏེ་འཆི་བར་མ་གྱུར་ཚེ། དེ་ཕྱིར་དཔེ་དེབ་ཀློག་པར་བྱ་ཞེས་པའི་མན་ངག་ཡིད་ལ་བཟུང་དགོས། ལྟ་ཀློག་གི་འབྲས་བུ་སྟེ། ནམ་རྒྱུན་རྩོམ་རིག་བརྩམས་ཆོས་ལྟ་ཀློག་ཅུང་བཟང་བའི་སློབ་མ་རེ་ཟུང་མིག་དཔེར་བདམས་ནས་ཁོ་ཚོའི་ལྟ་ཀློག་གི་ཉམས་མྱོང་ཤོད་དུ་འཇུག་པ་དང་། ན་མཉམ་སློབ་མས་དགའ་པོ་བྱེད་པའི་བརྩམས་ཆོས་ངོ་སྤྲོད་བྱེད་དུ་འཇུག་པ། ལྟ་ཀློག་ལ་དགའ་པོ་ཡོད་མཁན་གྱི་ཚོགས་པ་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་བྱེད་སྒོ་སྤེལ་དུ་འཇུག་པ་བཅས་བྱས་ནས་ལྟ་ཀློག་གི་འབྲས་བུ་མིག་མཐོང་ལག་ཟིན་ཡོང་བ་དང་། ལྟ་ཀློག་གི་གལ་ཆེའི་རང་བཞིན་ལ་ངེས་ཤེས་སྐྱེས་ཐུབ་པ་བྱེད་དགོས།

གསུམ་པ། རྩོམ་རིག་བརྩམས་ཆོས་ལྟ་ཀློག་གི་རྒྱུན་མ་ཆད་པའི་ཁྲིད་སྟོན་བྱེད་དགོས།

བྱ་བ་གང་ཡིན་ན་ཡང་དེའི་རྒྱུན་སྐྱོང་རྒྱུ་ནི་མཐའ་མའི་འབྲས་བུ་ལོན་པའི་རྒྱུ་ཉག་ཅིག་ལགས་ཤིང་། བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ལས། ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང་ཅེས་གསུངས་པ་ལྟར་ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་སུ་འགྲོ་བ་ནི་བསྙོན་དུ་མེད་པས། ཤེས་རབ་བཟང་པོའི་མཚོན་ཆ་རྣོ་ན་ཡང་། །བརྩོན་འགྲུས་ལག་པའི་ཤེད་དང་མ་འབྲེལ་ན། །གཏི་མུག་དགྲ་ཡིི་མགོ་གཅོད་མི་ནུས་པས། །ཤེས་བརྩོན་ཟུང་འབྲེལ་བྱེད་དགོས་སློབ་གྲོགས་ཚོ། །ཞེས་གདམས་པ་ཡང་དོན་དང་ཤིན་ཏུ་མཐུན།

རྩོམ་རིག་བརྩམས་ཆོས་ལྟ་ཀློག་ལ་མོས་པ་ཡོད་པ་དག་གིས་མ་བསྐུལ་དང་བླངས་སྒོས་ལྟ་ཀློག་གི་བགྱི་བ་དང་དུ་ལེན་ངེས་པ་དང་། ལྟ་ཀློག་གི་གལ་ཆེའི་རང་བཞིན་ལ་ངེས་ཤེས་འདྲོངས་པ་དག་གིས་བློ་རྩེ་གཅིག་སྒྲིམ་སྒོས་ལྟ་ཀློག་གི་རིན་ཐང་མཐོ་རུ་འདེགས་ངེས་ལ། མུ་མཐུད་ལྟ་ཀློག་གི་རྒྱུན་སྐྱོང་ཐབས་ལ་འབད་ངེས་ན། དགེ་རྒན་གྱིས་སློབ་མའི་འཚར་ལོངས་ཀྱི་ཁྱད་ཆོས་དང་མཐུན་པའམ་ཆུ་ཚད་དང་འཚམ་པའི་བརྩམས་ཆོས་སྐབས་འཕྲལ་ངོ་སྤྲོད་དང་། ཚད་གཞི་དེ་བས་མཐོ་བའི་ལྟ་ཀློག་དབྱེ་ཞིབ་དང་ལྟ་ཀློག་མྱོང་ཚོར་འབྲི་བར་ཁྲིད་སྟོན་བྱ་གལ་ཆེ།

དུས་སྐབས་མི་འདྲ་བར་དཔེ་དེབ་ལྟ་ཀློག་གི་དམིགས་ཡུལ་དང་དགོས་པ་མི་འདྲ་ཞིང་། ཐོག་མའི་དུས་རིམ་ལ་སྒྲུང་གི་བྱུང་རིམ་སྙན་མོས་སེམས་པའི་བདེ་བ་འཚོལ་ཕྱིར་དང་། རིམ་པས་རྩོམ་འབྲིའི་རྒྱུ་ཆ་བཙལ་འཚོལ། དེ་ནས་བསམ་གཞིག་གི་སྒོ་འཕར་ཡངས་པོར་ཕྱེ་ནས་རང་གི་བློ་སྒོ་འབྱེད་ཐབས་སོགས་ཡིན་པ་དང་། སྔ་མ་སྔ་མ་རྨང་གཞིར་བྱས་ནས། ཕྱི་མ་ཕྱི་མའི་དམིགས་པ་དོན་འཁྱོལ་ཡོང་བར་རེ། དེ་ལས་ལྡོག་ན་སྔ་མའི་ལྟ་ཀློག་གི་འབྲས་བུ་དག་བརྗེད་ངད་རྐུན་པོས་ཁྱེར་ཏེ་དྲེད་མོང་གིས་འཕྱི་བ་འཛིན་པའི་དཔེ་བཞིན་མཐའ་མཇུག་གང་ཡང་ལག་ཏུ་བསྟན་རྒྱུ་མི་ཡོང་ངོ་།

མདོར་ན། རྩོམ་རིག་བརྩམས་ཆོས་ལྟ་ཀློག་ནི་སློབ་མ་གཅིག་པུས་སྒྲུབ་ཐུབ་པ་ཞིག་ཡིན་ལ་སློབ་མ་གཅིག་པུས་སྒྲུབ་མི་ཐུབ་པ་ཞིག་ཀྱང་ཡིན། རྩོམ་རིག་བརྩམས་ཆོས་ལྟ་ཀློག་ལ་ཕན་ཡོད་ཀྱི་གྲུབ་འབྲས་ཤིག་ཐོབ་དགོས་ན། སྔ་ཕྱི་བར་གསུམ་དུ་དགེ་རྒན་གྱི་ཡང་དག་པའི་ཁྲིད་སྟོན་དང་ཁ་བྲལ་དུ་མི་རུང་ཞིང་། དགེ་རྒན་གྱི་ལྟ་ཀློག་ཉམས་མྱོང་དང་དབྱེ་ཞིབ་ནུས་པ་སློབ་མ་ཚོ་ལས་ཕུན་སུམ་ཚོགས་པ་ཡོད་པས། དགེ་རྒན་གྱི་ཡང་དག་པའི་ཁྲིད་སྟོན་ཡོད་ན། སློབ་མ་ཚོས་ཚད་ཡོད་ཀྱི་དུས་ཚོད་ནང་ཚད་མེད་ཀྱི་ཤེས་བྱའི་ནོར་བུ་ལོན་ཐུབ་པར་གདོན་མི་ཟའོ།

(ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་སློབ་ཆུང་གི་པ་སངས་དབང་འདུས་ཀྱིས)