《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月29日

༄༅།།བསྔགས་སྨོད་ཁ་ཚ་ལྕེ་སྦྲིད།

མངར་བསྐ་སྐྱུར་ལྡན་རོ་བཅུད་རྣམ་པ་གསུམ། །

མྱོང་བྱེད་ལྗགས་ཀྱིས་དྲངས་པའི་བྲོ་བ་དེར། །

བདུད་རྩིའི་མིང་བྱང་ཐོགས་པའི་དགེ་སྐྱོན་ཀུན། །

ཆང་རྒན་བདག་ལ་སྨྲ་བའི་སྤོབས་པ་མཆིས། །

བགྲང་བས་མི་ལང་བཏུང་བྱ་སྣ་ཚོགས་ལས། །

དཀར་མོ་ནས་ཀྱི་ཉིང་ཁུ་མྱོས་བྱེད་ཆུར། །

སྐྱེམས་ཀྱི་མཆོག་གྱུར་ཡོན་ཏན་ལྡན་ནོ་ཞེས། །

སྐྱེ་བོ་སུ་ཡིས་ངག་ལས་ཐོན་ལགས་སམ། །

དེ་ལྟར་ལགས་ཀྱང་འཇིག་རྟེན་མི་ཡུལ་འདིར། །

བཟའ་བཏུང་རྣམ་གྲངས་བློ་ཡིས་གཞལ་དཀའ་ལས། །

དགེ་སྐྱོན་འདྲེས་མར་མ་གྱུར་མི་སྲིད་ཀྱང་། །

སྐབས་སུ་བབས་འདི་ཆང་གི་དགེ་སྐྱོན་ཡིན། །

སྐྱོན་ལ་བསྡིགས་མོ་བགྱི་བའི་ཐོག་མ་རུ། །

གང་དེའི་དགེ་མཚན་ཅུང་ཟད་མ་དྲངས་ཚེ། །

ཆང་གི་ལྷ་མོ་ཐུགས་དགོངས་འཁྲུག་དོགས་ཏེ། །

དགེ་མཚན་སྐྱོན་མཚང་འདྲུ་བའི་རྨང་དུ་བཏིང་། །

འཇིག་རྟེན་རྟག་བརྟན་མིན་ཞེས་གླེང་བ་དེ། །

རིག་པ་ཚད་མས་གྲུབ་པའི་གཏམ་ཡིན་ཡང་། །

འཁོར་བ་རྟག་པར་སྣང་བའི་འཕྲུལ་སྣང་དེ། །

ཆང་གིས་མྱོས་པའི་རིག་པའི་བློ་ཤེད་ལགས། །

རྟེན་འབྲེལ་ཤིས་པ་སྩོལ་བའི་འདུ་ར་རུ། །

ཡུད་ཙམ་བརླན་དང་བྲལ་དཀའ་སྨྲ་མཆུ་ལྕེ། །

སྤོང་བའི་དྭངས་མ་ཆང་དང་ཨ་རག་ཉིད། །

སྟོན་མོའི་སྒོ་འཕར་འབྱེད་ལ་ཅི་ལས་ལྷག །

མཉམ་འཛོམས་ཞབས་དག་ཕན་ཚུན་འདེགས་རེས་དེ། །

བློ་ཉེའི་གཏམ་གྱི་མཚོ་མོ་བརྟོལ་བའི་རྐྱེན། །

གཞན་དང་གང་གིས་དོ་ཟླ་དབེན་པ་ཡི། །

ཆང་རག་འགུགས་སྔཊ་ཟབ་མོའི་རྗེས་སུ་འགྲོ །

ངག་སྒོ་བློ་ཡི་ཐག་པས་བསྡམས་པ་དང་། །

ངོ་ཚའི་སེང་རས་སྨྲ་སྒོར་གཡོགས་པ་དེ། །

རང་དགར་བཀྲོལ་ལ་ཅིས་ཀྱང་མི་དོ་བ། །

ཁོག་ལ་དྲངས་པའི་ཆང་རག་ཁོ་ནར་ངེས། །

གང་དང་ཅི་བྱེད་ལུས་ཀྱི་ཁ་ལོ་དེ། །

དྭངས་གསལ་སེམས་ཀྱི་སྲབ་མདས་མ་བཅུན་པར། །

འཇིགས་མེད་དཔའ་བོའི་སྣང་བརྙན་བཞེངས་པའི་མཆོག །

ཆང་གིས་སྤེལ་བའི་བཟི་སྟོབས་ཁོ་ནར་ངེས། །

ཝུའུ་སུང་དཔའ་བོའི་མུར་གོང་བསྒྲིལ་བ་ཡིས། །

སྟག་རྒོད་ལྔ་པའི་ལམ་དུ་དྲངས་སོ་ཞེས། །

སྒྲུང་རིང་སྙན་པའི་གྲུབ་ཆ་དེ་ཉིད་ཀྱང་། །

ཆང་རག་བསྟེན་པའི་བློ་ཤེད་ཁོ་ནར་ངེས། །

ཉེས་ལྟུང་ཐམས་ཅད་སྡོམ་པར་དམ་བཅས་ཀྱང་། །

ཆང་གིས་བློ་ཁ་ཡོངས་སུ་བསྒྱུར་བ་ཡིས། །

རྒྱལ་ཆེན་རིགས་བཞི་འགྱེལ་ནུས་སྟོབས་ཤུགས་ཆེ། །

བཙུན་པ་ཀྲེ་ཧྲིན་དཔའ་སྟོབས་ཆང་གིས་བསྐྱེད། །

ངག་སྒོ་ཕྱེ་ནས་སྙན་པའི་གླུ་དབྱངས་ཤིག །

ལེན་པའི་འཆར་སྒོ་སེམས་ལ་མེད་གྱུར་ཀྱང་། །

བཏུང་བ་ཙམ་གྱིས་གླུ་མཛོད་སྒོ་ཕྱེས་པ། །

ཆང་རག་བཏུང་བྱའི་ཁྱད་ཆོས་ཁོ་ནར་ངེས། །

རླུང་མཁྲིས་བད་ཀན་འཁྲུག་པའི་ནད་གཞི་འགའ། །

གསོ་བའི་གཉེན་པོར་ཆེད་དུ་མ་བཅོས་ཀྱང་། །

མངར་བསྐ་སྐྱུར་གསུམ་འདྲེས་པའི་ཆང་རག་གིས། །

ནད་འགའ་ཞི་བ་གང་དེའི་དགེ་མཚན་ཡིན། །

རྒན་འཁོགས་རླུང་གི་མི་ཁྱུར་དབྱེ་བ་རྣམས། །

མཚན་མོ་གཉིད་ཀྱིས་མ་ཟིན་འགྲེ་ལྡོག་དུས། །

ཁམ་གང་བཏུང་བ་ཙམ་གྱིས་གཉིད་ཀྱི་མགྲོན། །

བསུ་བའི་ཕོ་ཉ་ཕུལ་བྱུང་ཆང་ལ་ངེས། །

སྐྱིད་སྡུག་སྒང་གཤོངས་མང་བའི་འཇིག་རྟེན་ཏེ། །

བདེ་སྡུག་དབྱར་དགུན་བརྗེ་བ་ལྟ་བུ་ཡི། །

མི་ཡི་འཚོ་བའི་འཕྲང་ལམ་རིང་པོ་རུ། །

ཆང་ནི་མེད་དུ་མི་རུང་བཏུང་བྱ་ཡིན། །

སེམས་སྡུག་སྐྱིད་ལ་སྦྱོར་བའི་སྨན་གྱི་མཆོག །

ཛ་དྲག་ཞི་བར་འཐེན་པའི་སྲབ་མདའ་དངོས། །

སྤྲོད་ལེན་ཕྱིན་ཅི་ལྡོག་པའི་ནུས་མཐུ་བཅས། །

ཆང་རག་ཁོང་དུ་ཞུགས་པའི་བློ་སྐྱེད་ཡིན། །

སྙིང་སྡུག་འཕྲད་ཀྱང་ངག་ནས་ཐོན་དཀའ་བ། །

མཛའ་གཅུགས་སེམས་ཀྱི་ཁོང་དུ་སྦས་པའི་གཏམ། །

གློ་བུར་བློ་གཏད་ཕྱོགས་སུ་བསྲིངས་པ་ཡི། །

བློ་གཤོགས་ཆེར་སྐྱེད་ཆང་གི་ཤུགས་ལས་དྲངས། །

རྒན་དར་གཞོན་གསུམ་བློ་ཡིད་འགུགས་པ་ཡི། །

དབྱངས་དང་གཞས་ཚིག་ཇ་ཆུ་འདྲེས་པ་བཞིན། །

རྣ་བའི་གསོས་སུ་གྱུར་པའི་ཆང་གཞས་རྣམས། །

གངས་ལྗོངས་སྒྱུ་རྩལ་རྒྱས་པའི་སྐྱེས་སུ་ཕུལ། །

ལུས་ཀྱིས་རྩོལ་བས་མིད་པ་བསྐམས་པའི་དུས། །

དབུགས་རྒྱུ་ལྷོད་པོར་ཕབ་སྟེ་སྐོམ་སེལ་བས། །

བསིལ་ལ་དྲོ་བའི་ངོ་བོ་ཆང་ལ་ལྡན། །

ཞིམ་པའི་བཏུང་བྱ་རྩེར་སོན་ཞེས་ཀྱང་བདེན། །

མི་རྣམས་བཏུང་བྱ་དེ་ཡི་དགེ་མཚན་ལ། །

རབ་ཏུ་མོས་པའི་སེམས་དེས་བསྐུལ་བ་ཡིས། །

ཟུངས་མེད་ཆོས་སྐྱོང་འཇིམ་བརྙན་གམ་དུ་ཡང་། །

ཆང་ཕུད་མཚོ་མོ་འཁྱིལ་བའི་ཉམས་ལ་ལྟོས། །

མགོ་ནག་ཨབ་སེ་ལ་སོགས་མིའི་རིགས་ཀུན། །

ཀུན་གྱི་འཚོ་བར་མེད་ཐབས་མེད་པའི་ཆབ། །

ཆང་རག་རྣམ་གྲངས་ངོ་མཚར་ཆེ་བ་དེས། །

སྤྲོ་བ་སྤེལ་བའི་གཏམ་རྒྱུད་འཛད་མཐའ་དབེན། །

ཆང་ལ་ལྡན་པའི་ཁྱད་ཆོས་ཡོན་ཏན་ལ། །

འདྲེས་པའི་ཉེས་སྐྱོན་དག་ཀྱང་མ་བཤད་ན། །

འཐུང་ཚོད་མ་ཟིན་དུག་གྱུར་ཉེན་ཆེ་བས། །

ཉེས་པ་རྣམས་ཀྱང་འདི་ན་ཅུང་ཟད་སྤྲོས། །

སྟོབས་དང་རླུང་སེལ་གང་དང་ཅི་ལ་ཡང་། །

ཕན་པར་བསམས་ནས་ཆང་རག་ཐལ་དྲགས་ཕྱིར། །

ལུས་ཀྱི་འབྱུང་གཞི་སྙོམས་པོ་འཁྲུག་པ་ཡིས། །

ཉེས་སྐྱོན་ཐམས་ཅད་བསླངས་པའི་དཔེ་དོན་མང་། །

བྱད་བཞིན་དཀར་གསལ་ཟླ་བ་ཤར་བའི་གྲོགས། །

ནག་ནོག་འབའ་འབུར་སྤྲིན་གྱིས་བསྒྲིབས་པ་བཞིན། །

དབུགས་ཀྱི་ཧལ་སྒྲ་མིད་པའི་སོར་སྒྲ་དེ། །

ཆང་རག་འཐུང་ཚོད་བརྒལ་བའི་རྟགས་སུ་གྲུབ། །

མ་དང་བུ་ལ་རབ་ཏུ་བརྩེ་བའི་སེམས། །

བཅོས་མ་མིན་པ་ཡིད་ལ་གནས་གྱུར་ཀྱང་། །

ཚད་ལས་བརྒལ་བའི་ཆང་ངར་ལངས་པ་ཡིས། །

ཕ་སེམས་གདུག་རྩུབ་ཅན་དུ་ཆང་གིས་བསྒྱུར། །

དོན་ཆུང་ཙམ་ཞིག་འཁོན་དུ་འཛིན་པ་ཡིས། །

སྔར་གྲོགས་དགྲ་ཟླར་སོང་བའི་གཏམ་རྒྱུད་བཅས། །

དགྲ་གྲོགས་ངེས་གཏན་མེད་པ་སྨྱོ་གར་གྱི། །

ཡ་མཚན་གཟུགས་བརྙན་ཆང་གིས་བཏོད་པ་མཐོང་། །

སྙིང་གཏམ་ཁོག་ནས་རང་དགར་མི་འདོན་ཞིང་། །

ངེས་པར་གསང་འོས་དོན་ཆེན་འགའ་ཞིག་ཀྱང་། །

ཆོ་མེད་ཀླག་ཅོར་དང་འདྲེས་ཕྱིར་གྱར་ཏེ། །

རང་གཞན་མཉམ་ཕུང་ཆང་གི་འཕྲུལ་སྣང་དངོས། །

བཏུང་བ་ཙམ་གྱིས་ཅ་ཅོ་འཕེལ་བྱེད་ཅེས། །

ཅ་ཅོའི་བྱེད་པོ་མིང་གི་མངོན་བརྗོད་དེ། །

ཆང་གིས་སེམས་པ་སྨྱོ་རུ་འཇུག་པའི་དོན། །

བསྟན་པ་དེ་ཡང་དོན་ལ་ཅིས་མི་གནས། །

དགོས་མེད་གཏམ་གྱིས་གཞན་སེམས་འཁྲུག་པར་བྱེད། །

དཔའ་མེད་ར་རོས་མྱོས་པའི་མུར་གོང་འཕྱར། །

དོན་ཆུང་ཙམ་ལ་གྱོད་མགོ་དབྲལ་བ་ཀུན། །

ཕལ་ཆེར་འཐུང་ཚོད་བརྒལ་བའི་ཆང་གིས་བྱས། །

དྲི་འཛིན་བུ་ཁ་འབར་ཚག་ཅན་དུ་གྱུར། །

ཕྱལ་འཇོལ་ལེ་བའི་གཟུགས་བྱད་ཕྱི་རུ་བསྟན། །

ནང་འཁྲོལ་བློན་ཆེན་མཆིན་པ་རྒུད་པའི་མདོག །

ཚེ་ཚད་འཕྲི་བའི་རྐྱེན་ངན་ཆང་གིས་བྱས། །

དཀའ་སྤྱད་རྔུལ་ཆུས་བསགས་པའི་དངུལ་ལོར་དག །

གཏོང་ཕོད་ཆེ་བའི་བློ་གཤོགས་མེད་གྱུར་ཀྱང་། །

ད་ལྟ་མ་འོངས་ཕུགས་འདུན་ཀུན་གཡེང་བའི། །

སུས་ཀྱང་མི་ཁོག་སྙིང་སྟོབས་ཆང་གིས་བྱིན། །

ཁྱིམ་འཛིན་ཨ་ཕ་ལྟ་ཞོག་ཨ་མས་ཀྱང་། །

ཆང་འཐུང་གྲོགས་མཆེད་མང་པོ་བཙལ་དྲགས་ཏེ། །

ཕ་མ་གཉིས་ཀའི་འཁྲབ་སྟོན་ཡ་མ་ཟུང་། །

ཕན་ཚུན་འགྲན་དེ་ཆང་གིས་མ་བྱས་སམ། །

འཚོ་བར་སྐྱིད་སྣང་ཆང་གིས་བརྒྱན་པ་ཡིན། །

ཐུང་ཐུང་མི་ཚེར་སྐྱིད་སྣང་ཚོར་དགོས་ཞེས། །

ཞབས་དག་རེས་སྐོར་སྙིང་གཏམ་གྱ་མ་གྱུའི། །

བྱ་གཞག་འཕྱུགས་དུས་ཆང་གི་བཟི་ངར་ཡལ། །

འཆི་ཁར་དབུགས་ཆུ་བླུགས་དང་ཆེས་འདྲ་བ། །

མཚན་སྐྱོང་མཉམ་འཛོམས་འདུ་འཛི་ལང་ལོང་གི །

སྐྱུར་དྲིས་ཁང་བཟང་མཁའ་རླུང་རྙོག་གྱུར་ཀྱང་། །

སྤྲོ་ཉམས་ཆང་གིས་སྐྱུག་བཤལ་འདྲེན་འདོད་ཡིན། །

ར་རོས་མྱོས་ཏེ་གླུ་དབྱངས་ལེན་མཁན་དང་། །

སྦང་ཁུས་འདྲེན་བྱེད་གདུང་སྟེ་ངུ་འབོད་མཁན། །

ཧ་ཧ་གད་རྒྱངས་སྒྲོག་པའི་འཁྲུག་འཛིང་བ། །

ལུས་སེམས་མི་ཚུགས་ཐམས་ཅད་ཆང་གིས་ལན། །

ཤུགས་བགྲོད་རླངས་འཁོར་བཟི་ནས་བཀོལ་བར་དཔའ། །

ཁྲིམས་དང་བདེ་འཇགས་ཡིད་ནས་རྒྱབ་ཏུ་བསྐྱུར། །

ཚེ་སྲོག་རྩིས་མེད་གཏོང་བའི་ཡ་ཡུད་ཆེ། །

རྩ་གཞི་ཆང་གིས་སྐྱོམས་པའི་ཤུགས་དྲག་དངོས། །

འཇིག་རྟེན་བྱ་བ་ཇི་སྙེད་བང་རིམ་མཐོ། །

ཡིད་ཀྱི་སྒྲོམ་ལ་བརྩེགས་པའི་སེམས་ཤུགས་ཆེས། །

འདི་ལྟ་དེ་ལྟར་སྒྲུབ་འོས་བསམས་གྱུར་ཀྱང། །

ལེ་ལོར་ཤོར་བའི་རྐྱེན་རྩ་ཆང་གིས་བྱས། །

མཛའ་གྲོགས་ཇི་སྙེད་ཞབས་དག་འགའ་ཡིས་བསྒྲིགས། །

གཞན་སེམས་མགུ་བའི་གླུ་དང་གར་ཡང་འཁྲབ། །

དོན་ཆུང་ཙམ་ཡང་མི་བཟོད་ར་བཟི་ཡི། །

འཁོན་འགྲས་རྩ་བ་ཆང་གིས་འཛུགས་པ་མཐོང་། །

སྙན་པོའི་གཞས་དང་སྤྲོ་བའི་གཏམ་འགོ་དག །

ཆང་གིས་འབྱེད་ཀྱང་མཚམས་ཚད་བརྒལ་བའི་དུས། །

དབྱངས་དང་གཏམ་གྱི་ཁ་ལོ་གློ་བུར་བསྒྱུར། །

དམར་འཛིང་ལས་ཀྱི་ཐ་མར་ཆང་གིས་འཁྲིད། །

དོ་ནུབ་ཅི་ཤོད་སྟངས་འཛིན་རང་དགར་འཆོར། །

དྲན་པ་འཆལ་བའི་སྐད་ཆས་མི་སེམས་དཀྲུག །

ཕྱི་ཉིན་རིག་པ་གསལ་བའི་གནོང་འགྱོད་ཀྱི། །

དབུགས་རིང་འཕྱུངས་དགོས་ཆང་ལས་གཞན་དག་ཅི། །

ཆང་འཐུང་དགའ་འཛོམས་དེ་ལས་སྐྱིད་ཅིག་དབེན། །

ཆང་འཐུང་མང་བའི་ངན་རྐྱེན་ཤིན་ཏུ་མང་། །

ཆང་གིས་དོན་ལྔ་སྣོད་དྲུག་བཅོམ་པ་ཡིས། །

ཆང་དང་བྲལ་ཏེ་འཆི་ལམ་འཛིན་མཁན་མང་། །

ཆང་དེ་ཉེས་པ་ཀུན་གྱི་གཞི་ཡིན་ཞེས། །

ཚད་མའི་གཏམ་གྱི་ལྡོག་ཟླར་ལངས་པ་མིན། །

ཆང་རག་འཐུང་ཚོད་བགྱིས་ཏེ་གཅེས་པའི་སྲོག །

རིང་དུ་འཚོ་བར་སྨན་པའི་དྲན་སྐུལ་ཡིན། །