《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

སྟོད་ལུང་བདེ་ཆེན་ཆུས་མཚོ་སྨད་གྲོང་ཚོས།

གད་སྙིགས་རིགས་དབྱེའི་ལས་དོན་ཡག་པོ་ སྤེལ་རྒྱུར་ཤུགས་སྣོན་བརྒྱབ་པ།

འདི་ནི་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོའི་གད་སྙིགས་དབོར་མཁན་རླངས་འཁོར་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གྲལ་འགྲིག་ལ་དཀར་ཆ་དོད་པའི་སྡོད་ཁང་དང་། ཡངས་ཤིང་ཁོད་སྙོམས་པའི་སྣུམ་ནག་ལམ། གཞུང་ལམ་གྱི་གཡས་གཡོན་གཉིས་སུ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཚོ་དེ་ནི“རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་གྲོང་ཚོའི”གཟི་བརྗིད་མཚན་སྙན་ཐོབ་པའི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོ་རེད།

གྲོང་ཁྱེར་དུ་གད་སྙིགས་རིགས་དབྱེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་འོག སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོས་ཀྱང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ནུས་ཤུགས་ཡོད་རྒུས་གད་སྙིགས་རིགས་དབྱེའི་ལས་དོན་སྤེལ་ཞིང་། འབྱུང་རྩ་ནས་རིགས་དབྱེ་དང་རིགས་དབྱེ་སྐྱེལ་འདྲེན་བྱེད་པ་ནས་མཐར་གནོད་མེད་གཙང་སེལ་བྱེད་པའི་བར་གྱི་གྲོང་གསེབ་ཀྱི་གད་སྙིགས་རིགས་དབྱེའི་བྱེད་ཐབས་འཚོལ་ཞིབ་བྱས་པ་དང་། དུད་ཚང་གིས་ལེགས་སྒྲིག་དང་། གྲོང་ཚོས་གཅིག་སྡུད། ཤང་གིས་བརྒྱུད་སྐྱེལ་བཅས་ཀྱི་རྣམ་པ་ཞིག་ཆགས་ནས་ས་གནས་དེ་གའི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་རྦད་དེ་ལེགས་སུ་ཕྱིན་ཡོད།

མི་རིང་བའི་གོང་དུ། མཚོ་སྨད་གྲོང་ཚོའི་སློབ་ཆུང་དང་། གྲོང་ཚོ་ཨུ་ལྷན། ཆུ་གསོག་རྫིང་བུ་སོགས་ས་ཆར་རྒྱ་ཁྱོན་སྨི་ངོས་གྲུ་དྲུག་བདུན་ཡོད་པའི་བསིལ་གཡབ་བརྒྱབ་པ་དང་བསིལ་གཡབ་ཀྱི་འོག་ཏུ་གད་གཞོང་དྲུག་བཞག་ཡོད་པ་དེ་དག་གནོད་ལྡན་གད་སྙིགས་དང་། ཐབ་ཚང་གི་ལྟོ་ལྷག བསྡུ་རུང་བའི་གད་སྙིགས། དེ་མིན་གྱི་གད་སྙིགས་བཅས་རིགས་བཞི་ལ་དབྱེ་ཡོད། དེ་ནི་གྲོང་ཚོ་རིམ་པའི་སྒོ་དབྱེའི་རྣམ་པའི་འཚོ་བའི་གད་སྙིགས་རིགས་དབྱེའི་གནས་སྐབས་ཀྱི་གནས་ཤིག་ཡིན། དེ་དང་ཆབས་ཅིག་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་165ཡི་སྒོ་འགྲམ་དུའང་གད་གཞོང་སྣ་ཚོགས་བཞག་འདུག

གྲོང་གསེབ་ཀྱི་གད་སྙིགས་རིགས་དབྱེ་ནི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པའི་ལྡོག་མེད་ཀྱི་བྱེད་ཐབས་ཤིག་ཡིན། ད་ཆ་གད་སྙིགས་རིགས་དབྱེ་དེ་མཚོ་སྨད་གྲོང་ཚོའི་གྲོང་མིའི་གོམས་གཤིས་སུ་གྱུར་ཡོད་ལ། ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ནང་མཉམ་འདྲེས་ཐུབ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པར་རྨང་གཞི་བརྟན་པོ་བཏིང་བ་མ་ཟད། གྲོང་གསེབ་དར་རྒྱས་མངོན་འགྱུར་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་ཡང་བྱས་ཡོད། (པ་སངས་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)