《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

ལྷུན་གྲུབ་རྫོང་ལྕང་ར་ཤར་གྲོང་ཚོས།

ལས་གནས་མང་པོའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་ལྕང་ར་ཤར་གྲོང་ཚོས་རང་རྟོགས་ངང“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བསྟར་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པ་དང་། ལྗང་མདོག་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ་སྣོད་བཅུད་ལྗང་མདོག་ཉིད་ལྟ་ན་སྡུག་པའི་འཕེལ་རྒྱས་ཀྱི་གཞི་རྩར་འགྱུར་བར་བྱས་པ་རེད།

སྟོན་མཇུག་གི་དུས་སུ་ལྕང་ར་ཤར་གྲོང་ཚོར་གྲང་རླུང་ཅུང་ཟད་ལྡང་ནའང་། གྲོང་ཚོའི་ནགས་སྲུང་བས་སྔར་རྒྱུན་ལྟར་རང་འགུལ་ངང་གྲོང་ཚོ་ཨུ་ལྷན་ཉེ་འགྲམ་གྱི་སྤྱི་གླིང་དུ་རྩྭ་ངན་བཀོག་པར་ཡོང་། གྲོང་ཚོའི་ནགས་སྲུང་རུ་ཁག་ནི་2013ལོར་བཙུགས་པ་དང་ད་ཆ་མི་18ཡོད་པ་དེ་དག་ཚོགས་ཆུང་གསུམ་ལ་བགོས་ནས་གྲོང་ཚོའི་ནང་གི་སྔོ་ཁེབས་ཚང་མར་ཁུག་ཀྱོག་མེད་པ་དང་དུས་ངེས་མེད་དུ་སྐོར་གཡེང་སྲུང་སྐྱོང་བྱེད་ཀྱི་ཡོད།

ནགས་སྲུང་རུ་ཁག་དང་ཧ་ལམ་དུས་གཅིག་ཏུ་བཙུགས་པར། ད་དུང་གྲོང་ཚོའི་འདམ་རའི་སྲུང་སྐྱོང་རུ་ཁག་ཡོད། ལྕང་ར་ཤར་ཤང་ལྕང་ར་འདམ་ར་ནི་ལྕང་ར་ཤར་གྲོང་ཚོའི་འདམ་ར་ཆེ་ཤོས་རེད། འདམ་རའི་འགྲམ་དུ། གསར་འགོད་པས་འདམ་ར་སྲུང་སྐྱོང་བ་སྒྲོལ་དཀར་དང་ཁོང་གི་ཚ་མོ་བསྟན་འཛིན་ལྷག་སྒྲོན་མཐོང་བྱུང་། ཁོང་ཚོས་འདམ་རའི་ར་སྐྱོར་ལ་སྐྱོན་ཡོད་མེད་བལྟས་པ་དང་འབྲེལ་མཐའ་འཁོར་གྱི་གད་སྙིགས་བསྒྲུགས་པ་རེད།

ཨ་སྔོན་དབྱིངས་སུ་འདབ་ཆགས་འཕུར་བ་དང་། སྔོ་ལྗང་རྩི་ཤིང་ཁྲོད་དུ་མི་རྣམས་འཚོ་ཞིང་། ནམ་མཁའ་གཡའ་དག་ལ་སྤྲིན་དཀར་དལ་བུར་རྒྱུ་བའི་འོག་ཏུ་གྲོང་མི་ཚོ་དང་སྲོག་ཆགས་ཞི་མཐུན་མཉམ་གནས་བྱུང་ཡོད། གྲོང་ཚོའི་ཁོར་ཡུག་གི་འཕྲོད་བསྟེན་སྐོར་གླེང་སྐབས་གྲོང་ཚོའི་ནང་གི་གཙང་སྦྲའི་རུ་ཁག་མི་གླེང་ཀ་མེད་རེད། ལྕང་ར་ཤར་གྲོང་ཚོར་གྲོང་མིའི་ཚོགས་ཆུང་3ཡོད་པ་དང་ཚོགས་ཆུང་རེར་ཆེད་མངགས་གཙང་སྦྲ་བྱེད་མཁན་རེ་བཀོད་སྒྲིག་བྱས་ཡོད་ཅིང་། དེ་ནགས་སྲུང་བ་དང་འདམ་ར་སྲུང་སྐྱོང་བའི་ཁྱབ་ཁོངས་དང་མི་འདྲ་བར་ཁོང་ཚོས་གཙོ་བོ་གྲོང་ཚོའི་མ་ལམ་ལ་གཙང་སྦྲ་བྱས་ནས་གྲོང་ཚོ་ཧྲིལ་པོའི་ཁོར་ཡུག་འཕྲོད་བསྟེན་འགན་ལེན་བྱེད་ཀྱི་ཡོད།

ནགས་སྲུང་བས་ནགས་ཤིང་སྔོ་ཁེབས་དང་། འདམ་ར་སྲུང་སྐྱོང་པས་འདམ་ར། གཙང་སྦྲ་བྱེད་མཁན་གྱིས་ཁོར་ཡུག་འཕྲོད་བསྟེན་བཅས་ལ་སྐོར་སྲུང་བྱེད་ཅིང་། ཁོང་ཚོས་མཉམ་དུ་གྲོང་ཚོའི་ནང་དུ་སྐོར་གཡེང་སྲུང་སྐྱོང་དྲ་བ་ལེགས་པོ་ཞིག་བཟོས་ཡོད་པ་རེད།