《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

དུས་རབས་གསར་པའི་གྲོང་གསེབ་ཀྱི་ལེའུ་གསར་པ་བརྩམས།

ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། 2010ལོ་ནས་བཟུང་བོད་ཀྱིས་རྒྱལ་ཡོངས་སུ་སྔོན་ལ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་འཛུཌ་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་འདུ་འགོད་ལག་ལེན་བསྟར་ཞིང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ནས། “ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག ཡུལ་སྲོལ་ཤེས་དཔལ། གྲོང་ཚོ་དག་གཙང་། དམངས་འཚོར་དོ་དམ”བཅས་ཀྱི་འཛུགས་སྐྲུན་བླང་བྱ་གཞིར་བཟུང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཤུགས་ཆེན་བྱས་པ་རེད།

གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རི་སྔོན་གྲོང་ཚོའི་ས་བབ་མཐོ་ཚད་སྨི་4100ཟིན་ལ། ཡུལ་དེར་ཞིང་འབྲོག་ལས་དང་། གཏེར་རྒྱུའི་ཐོན་ཁུངས། ཡུལ་སྐོར་ཐོན་ཁུངས་བཅས་ཁ་ཐང་བས་སྔར་ནས་ད་བར་ས་གནས་དེ་གའི་གྲོང་ཚོ་དབུལ་པོ་ཞིག་རེད། 2011ལོའི་ལོ་མཇུག་ཏུ་གྲོང་མི་ཚོས་འཛུགས་སྐྲུན་ཨར་ལས་རུ་ཁག་གི་འགན་འཁུར་བ་ཉི་མ་སྲི་ཆོད་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ་དང་། དུས་དེ་ནས་བཟུང་གྲོང་མི་ཚོའི་སྣེ་ཁྲིད་ནས་ཕྱུག་པོའི་ལམ་དུ་སྐྱོད་པའི་རེ་བ“80ནང་སྐྱེས”ཀྱི་ཕོ་གཞོན་དེར་བཅོལ། ཉི་མ་སྲི་ཆོད་ཀྱི་སྣེ་ཁྲིད་འོག་གྲོང་ཚོའི་མ་རྩ་རྡིབས་ལ་ཉེ་བའི་གླིང་ཁ་རིམ་བཞིན་ཉེ་རིང་གང་སར་སྐད་གྲགས་ཆོད་ནས་ཡུལ་སྐོར་བའང་ཇེ་མང་དུ་སོང་བ་མ་ཟད། ད་དུང་སྦྲང་ནོར་བུ་གསོ་ཚགས་རྟེན་གཞི་ཡང་བཙུགས་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་གྲོང་ཚོའི་མང་ཚོགས་ཡོངས་ཀྱི་ལས་ཞུགས་ཕྱུག་འགྱུར་གྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ཤུགས་ཆེན་ཐེབས་པ་རེད།

གྲོང་ཚོའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཐད་ཉི་མ་སྲི་ཆོད་རེ་བ་དང་ཡིད་ཆེས་ཀྱིས་ཕྱུག་ཅིང་། ཁོང་གིས“ད་ཆ་གྲོང་ཚོར་སྦྲང་ནོར་བུ་གསོ་ཚགས་དང་། བ་གླང་གསོ་ཚཌ། ཚ་ལ་རྒྱག་པ། རླངས་འཁོར་ཉམས་གསོ་སོགས་མང་ཚོགས་ཀྱི་ཡོང་འབབ་བརྟན་པའི་ཐོན་ལས་ཁག་གཅིག་ཡོད། མ་འོངས་པར་གྲོང་ཚོར་སྡོད་གནས་ཁུལ་དང་། ཐོན་ལས་ཁུལ། ཚོང་ལས་ཁུལ་བཅས་ཀྱང་སྐྲུན་རྩིས་ཡོད་ལ། གོམ་སྟབས་རྗེས་མར་རྣམ་གྲངས་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་ཀྱི་ཡིན”ཞེས་བཤད།

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་ཡུལ་མཇུག་གྲོང་ཚོར་སྐྱོད་སྐབས། འདྲེན་བྱེད་ལམ་དུ་འཆར་བ་ནི་རིམ་པ་སྟར་ཆགས་ཀྱི་བོད་བཟོའི་ཁང་པ་རེ་རེ་དང་། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ར་སྐོར་རེ་རེ། ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་བུ་རེ་རེ་ཡིན་ལ། གྲོང་མི་ཚོའི་ངོ་གདོང་ཡང་བཅོས་མིན་འཛུམ་ཀྱིས་ཕྱུག དེ་དག་ཚང་མ་བྲག་ཡིབ་ཆུས་ཀྱིས“མཛེས་ཤིང་སྡུག་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་རྣམ་གྲངས་འཛུཌ་སྐྲུན་བྱས་པ་ལས་བྱུང་བ་ཤ་སྟག་རེད། རྣམ་གྲངས་ཚོད་ལྟ་བྱ་ཡུལ་གྲོང་ཚོ་ཁག་དང་པོའི་གྲས་ཡིན་པའི་ཡུལ་མཇུག་གྲོང་ཚོར་ཆུ་འདོན་འབུད་དང་། ཨར་འདམ་ལམ་འདིང་བ། གློག་དྲ་སྒྱུར་བཀོད་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་པ་དང་། མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་དང་། ར་སྐོར་མཛེས་བཟོ། པང་གཅལ་ལམ་འདིང་བ་སོགས་ཁོར་ཡུག་མཛེས་བཟོ་བྱས་པས། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཀྱི་ཁོར་ཡུག་ཇེ་མཛེས་དང་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་སོང་བ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་ཀྱི་ཧེ་བག་ཆུང་དུ་ཕྱིན་ལ། གྲོང་མིར་འབབ་འཕར་ཕྱུག་འགྱུར་དང་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་གསར་པ་སྦྱིན་ཡོད།

རྫིང་ཕྱི་ཤང་གི་ཀུན་བདེ་གླིང་རྩྭ་ཐང་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་འབྲོག་ཁུལ་ཞིག་རེད། སྔོན་ཆད་དེ་གའི་འབྲོག་པ་ཚོས་སྐྱས་སྤོས་ཀྱི་འཚོ་བ་སྐྱེལ་གྱི་ཡོད་ལ། རྩྭ་ཆུ་གང་བཟང་དུ་གནས་བཅའ་བས་འཚོ་བའི་ཁོར་ཡུག་ཧ་ཅང་ཉམ་ཐག་པོ་ཡོད། སྡོད་མལ་ཁོར་ཡུག་ལེཌ་སུ་བཏང་ནས་འབྲོག་པ་ཚོས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ཆེད་སྲིད་གཞུང་གིས་བདེ་སྡོད་ཁང་པ་བརྒྱབ་པ་རེད། སྡོད་སའི་ཁང་པ་ཡོད་ལ་ཁྱིམ་གཞིས་ཀྱང་ཆཌ་ནའང་འབྲོག་པ་ཚོའི་ཡུན་རིང་གོམས་པའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཆེན་པོ་གང་ཡང་བྱུང་མེད། བརྟག་ཞིབ་ཟབ་མོ་བྱས་པའི་རྨང་གཞིའི་སྟེང་ས་གནས་དེས་སྣོད་བཅུད་གྲོང་གསེབ་འཛུགས་གཏོད་རྣམ་གྲངས་ཁྲོད་ཀྱི་མ་དངུལ་ཁག་གཅིག་བཏོན་ཏེ་རྩྭ་ཐང་གི“ཁོར་ཡུག་སྲུང་སྐྱོང་གི་དམག་འཐབ”བརྒྱབ་ནས“གསང་སྤྱོད་གསར་བརྗེ”བྱས། 2017ལོར་མ་དངུལ་སྒོར་ཁྲི་186.33བཏང་སྟེ་རྫིང་ཕྱི་ཤང་སྤྲིན་མཚོ་གྲོང་ཚོ་དང་གངས་ཕུ་གྲོང་ཚོར་ཁང་པའི་ནང་གི་གསང་སྤྱོད་73དང་ཚད་ལྡན་ཅན་གྱི་སྤྱི་པའི་གསང་སྤྱོད་2བསྐྲུན་པ་མ་ཟད། དུད་ཚང་རེ་རེར་གད་གཞོང་ཡང་ཉོས་ལ། སྤྲིན་མཚོ་གྲོང་ཚོར་གད་སྙིགས་གསོག་ས་2བསྐྲུན་ཡོད།

མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་སྲིད་ཇུས་ལས་ད་ཆ་བོད་ཀྱི་སྣོད་བཅུད་བཟང་བ་དང་། ཁོར་ཡུག་སྡོད་མལ་ལ་འཚམ་པ། གྲོང་ཚོའི་བཀོད་པ་གཙང་བ་བཅས་བྱུང་ཞིང་། ལྗོངས་ཡོངས་ཀྱི་ཡུལ་ལུང་གང་སར་བོད་ཀྱི་ཁྱད་ཆོས་ལྡན་ལ་མཛེས་སྡུག་རྣམ་པར་བཀྲ་བའི་གྲོང་གསེབ་ཆགས་ནས་མཛེས་པའི་བོད་ལྗོངས་ངོམས་སྟོན་བྱེད་པའི་སྐར་ཁུང་ལྟ་བུར་གྱུར།

(སྐལ་མཆོག་དང་ཉི་དོན་གྱིས་སྒྱུར་ཞུས་བྱས)