《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”རིང“སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཡར་རྒྱས་གསར་པ་ཡོང་བ་བྱེད་པའི”དམིགས་ཚད་གཙོ་བོ་གཏན་འཁེལ་བྱས་ནས་2035ལོར་སླེབས་སྐབས“སྣོད་བཅུད་ཁོར་ཡུག་རྩ་བ་ནས་ལེགས་སུ་ཕྱིན་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་དམིགས་ཚད་སྤྱིའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པའི”ཕུགས་ཀྱི་དམིགས་ཚད་བཏོན་ཡོད། ཉེ་ཆར་གསར་འགོད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱེད་པ་དང་། དམིགས་ཚད་གཙོ་བོ་དང་ཕུགས་ཀྱི་དམིགས་ཚད་མངོན་འགྱུར་ཇི་ལྟར་བྱེད་པའི་ཐད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཧྲུའེ་གཡན་ཕིང་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

“ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་བྱེད་པར‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ‘འདུ་ཤེས་བཞི’སྔར་བས་ཟབ་ཏུ་གཏོང་བ་དང་། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱང་གིས་བཏོན་པའི་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འཐབ་ཇུས་ངེས་གནས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ་དང་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ། ‘ངེས་པར་དུ་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པའི’དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བའི་རྣམ་འགྱུར་མཐའ་འཁྱོངས་དང་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སོགས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ལ་གཏོད་དགོས་པ། བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས་མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་དང་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་གི་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་དར་བའི་ལམ་བུའི་ཐོག་བསྐྱོད་དགོས་པ། ‘ལོ་ལྔ་ཚན་བཅུ་བཞི་པའི’འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་2035ལོའི་ཕུགས་ཀྱི་དམིགས་ཚད་ཀྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང‘ལོ་ལྔ་ཚན་བཅུ་བཞི་པའི’སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་ཧྲུའེ་ཡན་ཕིང་གིས་བརྗོད།

ཧྲུའེ་ཡན་ཕིང་གིས། རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་གཙོ་གནད་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་དང་སེམས་ནུས་གཅིག་སྒྲིལ་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་སྟེ།

གཅིག་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོ་འཛུགས་དགོས་ཤིང་། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་བཟོས་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། རི་ཆུ་ནགས་ཞིང་རྩྭ་མཚེའུ་བཅས་ཀྱི་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ལས་གྲྭ་གལ་ཆེན་ལག་བསྟར་གྱིས་རྒྱལ་ཁབ་ས་ཆ་སྔོ་སྒྱུར་གྱི་བྱ་སྤྱོད་གཞི་ཁྱོན་ཆེན་པོས་སྤེལ་ནས་གཙང་པོ་དང་ཆུ་བོ་ཆེན་པོ་དང་མཚེའུ་དང་འདམ་ར་གལ་ཆེན་གྱི་སྣོད་བཅུད་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བ་དེས་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་གང་ཞིག་ཐེབས་མིན་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་བྱུང་སྲུང་སྐྱོང་ཁུལ་དང་སྣོད་བཅུད་སྲུང་སྐྱོང་དམར་ཐིག་གི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྣོད་བཅུད་མ་ལག་སྲུང་སྐྱོང་གི་ཕན་འབྲས་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་བྱེད་པ་དང་། གཉིས་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་སྤྱོད་སྒོའི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་དང་གཞི་རྩའི་ས་ཞིང་སོགས་བར་སྟོང་གི་དོ་དམ་ཚོད་འཛིན་དོན་འཁྱོལ་བྱས་ཏེ་མིའི་རིགས་ཀྱི་བྱེད་སྒོས་རང་བྱུང་བར་སྟོང་བཟུང་སྤྱོད་བྱེད་ཚད་ཉུང་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦགས་མེད་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་འཕེལ་རྒྱས་གཏོང་བ། ནུས་རྒྱུ་གཙང་མ་དང་། ཐཱན་ཉུང་། བདེ་འཇགས། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ལྗང་མདོག་འཚོ་བ་གཏོད་པའི་བྱེད་སྒོ་སྤེལ་བ། ཐཱན་འབུད་ཚད་ཉུང་དུ་གཏོང་བ་བཅས་བྱེད་པ། གསུམ་ནས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས་ཤིང་། གནམ་སྔོན་པོ་དང་། ཆུ་སྔོན་པོ། ས་གཙང་མ་བཅས་ལ་སྲུང་སྐྱོང་བྱེད་པའི་དམག་འཐབ་གཏིང་ཟབ་རྒྱག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་ཁོར་ཡུག་བཅོས་སྐྱོང་བྱེད་པ། འགྱིག་ཤོག་གི་སྦགས་བཙོག་དང་སྤོས་འགྱིག་གི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་བཙོག་འབུད་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་བཙོག་འབུད་དབང་ཆ་དང་། ནུས་སྤྱོད་དབང་ཆ། ཆུ་སྤྱོད་དབང་ཆ། ཐཱན་འབུད་དབང་ཆ་བཅས་ཁྲོམ་ར་ཅན་གྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བ། ཁོར་ཡུག་སྲུང་སྐྱོང་དང་ནུས་ཁུངས་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལས་དོན་ཧུར་ཐག་སྤེལ་བ་བཅས་བྱེད་པ། བཞི་ནས་སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཤིང་། “ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། ཁེ་ལས་ཀྱིས་བྱེད་པོ། སྤྱི་ཚོགས་རྩ་འཛུགས་དང་མང་ཚོགས་དེའི་ནང་ཞུགས་པའི”དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་པ་དང་། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་གསབ་ནས་འཚོ་བའི་བཙོག་ཆུ་དང་། གད་སྙིགས། སྲ་གཟུགས་ཟོག་རོ་བཅས་བསྡུ་རུབ་དང་གཙང་སེལ་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་བཏང་ནས་ཚན་རྩལ་གྱིས་འདེགས་སྐྱོར་དང་། ཁྲིམས་ལྟར་བཅོས་སྐྱོང་། ལྟ་སྐུལ་དོ་དམ་ནན་པོ་བཅས་གསུམ་ཟུང་འབྲེལ་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚད་ལྡན་ཅན་དང་ཆེད་ལས་ཅན་དུ་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་པ། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས་ཞེས་བརྗོད།