《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月25日

སྣོད་བཅུད་ཁོར་ཡུག་པུའི་བརྟག་ཞིབ་ཚོགས་ཆུང་གིས་བོད་དུ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྣོད་བཅུད་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ཉིང་ཁྲི་གྲོང་ཁྱེར་དུ་ཁྲོན་བོད་ལྕགས་ལམ་དང་ཁ་གཏད་བོད་སྐྱོར་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ཁྲོན་བོད་ལྕགས་ལམ་གྱི་ལྗང་མདོག་ལས་གྲྭ་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མཱ་ཧྲེང་ཁྲང་དང་ཀྲང་ཡུང་ཙེ་དང་། སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དབྱང་ཧུང་པོ། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀུའོ་ཀྲུའུ་ཞུའེ་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

ཧོང་རུན་ཆིའུ་ཡིས། ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་དེ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མཐའ་མཚམས་བརྟན་ལྷིང་སྲ་བརྟན། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་ཁྲོན་བོད་ཞིང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་ཁྲོན་བོད་ལྕགས་ལམ་སྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་སྣོད་བཅུད་སྔོན་ལ་འཇོག་པ་ལས་གྲྭ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནང་བཞག་ནས་གནམ་གཤིས་འགྱུར་ལྡོག་ལ་འཚམ་པའི་ནུས་པ་ཆེ་རུ་གཏོང་བ་དང་བཙོག་ཆུ(གད་སྙིགས)གཙང་སེལ་གྱི་བྱ་ཐབས་ནན་དུ་གཏོང་བ། སྣོད་བཅུད་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས། ཁོར་ཡུག་ཉེན་ཁའི་འཕྲལ་སྡོམ་སྔོན་ཇུས་བཟོ་བ། སྣོད་བཅུད་ཁོར་ཡུག་གི་ཉེན་ཁ་ཚབས་ཆེན་སྔོན་འགོག ཁྲིམས་ལྟར་ལྟ་སྐུལ་ཁྲིམས་འཛིན་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན། སྔོ་ལྗང་འདུ་འགོད་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། སྐུལ་འདེད་གཏོང་བ། འགན་ལེན་བྱེད་པ་བཅས་མཐའ་གཅིག་ཏུ་བྱས་ཏེ་སྔོ་ལྗང་ཁྲོན་བོད་ལྕགས་ལམ་དང་དེ་བཞིན་ལམ་རྒྱུད་ས་ཁོངས་ཀྱི་བཀྲག་མདངས་འཚེར་སར་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེ་བཅས་ཀྱི་ཚབ་ཞུས་ཏེ་སྣོད་བཅུད་ཁོར་ཡུག་པུའུ་དང་། སི་ཁྲོན་ཞིང་ཆེན། རྒྱལ་ཁབ་ལྕགས་ལམ་ཚོགས་པ་བཅས་ཀྱིས་བོད་ཀྱི་ལས་དོན་ལ་ཡུན་རིང་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཁྲོན་བོད་ལྕགས་ལམ་ནི་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ཇུས་འགོད་དང་སྐུལ་འདེད་བཏང་གནང་བའི“དུས་རབས་རང་བཞིན་གྱི་ལས་གྲྭ”ཞིག་ཡིན་པས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་འབྲེལ། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བྱས་ཏེ་སི་ཁྲོན་ཞིང་ཆེན་དང་འཛུགས་སྐྲུན་ཚན་པ་དང་མཉམ་དུ་སྔོ་ལྗང་ཨར་པོའི་ལས་དོན་དོན་འཁྱོལ་ཡག་པོ་བྱས་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡག་པོ་བསྒྲུབས་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་གསུངས་པ་རེད། ཁོང་གིས་སྣོད་བཅུད་ཁོར་ཡུག་པུས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩོམ་བཟོ་ལག་བསྟར་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་དེ་བས་མང་བ་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧོང་རུན་ཆིའུ་ཡིས་སྣོད་བཅུད་ཁོར་ཡུག་པུས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་དང་། ལས་དོན་ཁག་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

(པ་སངས་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)