མི་གཞན་དག་ཡིན་ན་རྒན་ཡོལ་ཞུ་མཚམས་སུ་སླེབས་སྐབས་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་ཇི་ལྟར་སྐྱེལ་བར་བསམ་བློ་གཏོང་གི་ཡོད། ཡིན་ནའང་དངོས་གྲུབ་ཀྱིས་དེ་ལྟར་མི་བསམ་པར་2005ལོར་ཤན་རྩ་རྫོང་སྨན་རྩིས་ཁང་ནས་རྒན་ཡོལ་ཞུས་རྗེས། ཁོང་གིས“ལས་གནས་ལས་བྲལ་རུང་ལས་མཚམས་མི་འཇོག་པར”རང་ཁྱིམ་དུ་ནད་པར་ལྟ་ཡི་ཡོད།
1951ལོར་སྐྱེས་པའི་དངོས་གྲུབ་ཀྱིས་དམངས་གཙོའི་བཅོས་སྒྱུར་གོང་གི་མུན་ནག་གི་འཚོ་བ་མིག་མཐོང་ལག་ཟིན་བྱས་པ་མ་ཟད། འབྲོག་ཁུལ་གྱི་སྤྱི་ཚོགས་རྙིང་པའི་དཀའ་སྡུག་ཀྱང་བརྒྱུད་མྱོང་ཡོད། སྨན་པའི་ལས་རིགས་གདམ་ག་བྱེད་པའི་སྐོར་གླེང་སྐབས། དངོས་གྲུབ་ཀྱིས“སྐབས་དེ་དུས་རང་ཉིད་ཀྱི་སྤུན་མཆེད་ཚོ་རྟག་ཏུ་ནད་གཞི་དྲག་པོས་མནར་བ་མཐོང་སྐབས། ཁྱིམ་དུ་སྨན་པ་ཞིག་ཡོད་ན་དེ་འདྲའི་དགའ་བ་ལའང་སྙམ་གྱི་འདུག”ཅེས་བཤད།
ཤན་རྩ་རྫོང་གིས་ཤང་ཁག་ལ་སྨན་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་རེ་ཞུ་སྒྲིག་འཛུགས་བྱེད་སྐབས། དངོས་གྲུབ་ཀྱིས་ཐོག་མར་མིང་ཐོ་བཀོད་པ་དང་། 1974ལོར་ཤན་རྩ་རྫོང་མི་དམངས་སྨན་ཁང་དུ་དངོས་སྦྱོང་གི་སྨན་པ་བྱས་ཚུན་དངོས་གྲུབ་ཀྱིས་རྟག་ཏུ་ཚན་ཁག་ཁག་གི་སྨན་པའི་སར་བཀའ་སློབ་ཞུ་བར་བསྐྱོད་པ་དང་། 1990ལོར་དངོས་གྲུབ་ཤན་རྩ་རྫོང་སྨན་རྩིས་ཁང་དུ་ལས་སྒྱུར་བྱས་རྗེས་འཕྲལ་དུ་སྨན་པ་རྒན་གྲས་དང་མཉམ་དུ་བོད་ཀྱི་གསོ་བ་རིག་པ་སྦྱོང་འགོ་ཚུགས། ཕྱིར་ཟབ་སྦྱོང་ལ་སྐྱོད་པའི་གོ་སྐབས་ལ་དམ་འཛིན་བྱས་ནས་དངོས་གྲུབ་ཀྱིས་སྔ་རྗེས་སུ་ཏ་ལེན་དང་གོར་མོ་སོགས་ཀྱི་སྨན་ཁང་དུ་མཉམ་ཞུགས་དངོས་སྦྱོང་བྱས། ཡུན་རིང་སོང་རྗེས་དངོས་གྲུབ་ཀྱིས་ཁོག་ནད་ཚན་ཁག་དང་། ཕྱི་བཅོས་ཚན་ཁག བུད་མེད་ཚན་ཁག བྱིས་པའི་ཚན་ཁག བོད་ཀྱི་གསོ་བ་རིག་པ་སོགས་ཀྱི་འབྲེལ་ཡོད་གསོ་རིག་ཤེས་བྱ་ཤེས་པ་མ་ཟད། ནད་རྟགས་སྣ་ཚོགས་སྨན་བཅོས་ཐུབ་ཀྱི་ཡོད།
འདི་ལོའི་ཟླ་6པའི་ཉིན་ཞིག་ལ། ཞ་གོ་ཤང་གི་འབྲོག་པ་འཆི་མེད་ཚེ་རིང་གི་ཕོ་བའི་ནད་སླར་ཡང་ལངས་ནས་བཟོད་སྒོམ་བྱེད་ཐབས་བྲལ་བས་སྨན་པ་དངོས་གྲུབ་ལ་ཁ་པར་བརྒྱབ། “ང་ཚོས་ཁྱེད་རང་བསུ་མཁན་གྱི་རླངས་འཁོར་གཏང་ཆོག”ཅེས་བཤད་པ་དང་། སྨན་པ་དངོས་གྲུབ་ཀྱིས“ང་བསུ་བར་ཡོང་མི་དགོས། ངས་ཡོང་ཆོག”ཅེས་ཁ་པར་བརྒྱབ་མཚམས་བཞག་འཕྲལ་ལམ་སེང་སྨན་དང་སྨན་ཁུག་ཁྱེར་ནས་རྡོག་ཐོན་བྱས།
“ཁྱེད་ཀྱི་བད་ཀན་སྨུག་པོའི་ནད་གཞི་ལྕི་ཙམ་འདུག་པས་བཟའ་བཏུང་ཐད་ངེས་པར་དུ་ཡིད་གཟབ་བྱེད་དགོས”སྨན་ཐོ་བྲིས་པ་དང་ངལ་གསོ་ཡག་པོ་རྒྱག་དགོས་ཞེས་ཁ་ཏ་བསླབ་བྱ་བྱས་རྗེས། སྨན་པ་དངོས་གྲུབ་ཁྱིམ་དུ་ལོག
ཕྱིར་སྨན་བཅོས་བྱེད་པར་སྐྱོད་ཐེངས་འདི་འདྲ་དངོས་གྲུབ་ཀྱི་ངོས་ནས་བརྗོད་ན་ཉི་མ་གནངས་འཆར་བཞིན་ཡིན་པ་དང་། བུ་སྐར་མས་གསར་འགོད་པར“པ་ཕས་རྒྱུན་དུ་ཁ་པར་གཉིས་གྲ་སྒྲིག་བྱེད་པ་མ་ཟད། ཆུ་ཚོད་24ཡི་རིང་འབྲེལ་གཏུག་ཐུབ་པ་བྱེད་ཀྱི་ཡོད། རྒན་ཡོལ་ཞུས་ནས་ལོ་14ཡི་རིང་ཁོང་གིས་ཚང་མར་ནད་གཞི་ལྟ་རོགས་བྱེད་ཀྱི་ཡོད”ཅེས་བཤད།
གཞི་རིམ་གྱི་སྨན་པའི་ངོས་ནས་དངོས་གྲུབ་ཀྱིས་གྲོང་མིའི་བདེ་ཐང་གི་གནས་ཚུལ་གསལ་པོ་ཤེས་ཀྱི་ཡོད། དེ་སྔ་འབྲོག་ཁུལ་དུ་སྤྱིར་ན་གནས་ཚུལ་དེ་འདྲ་ཞིག་ཡོད་པ་སྟེ། མང་ཚོགས་ཀྱིས་སྨན་བཟས་ནས་ནད་གཞི་ཅུང་དྲག་སྐྱེད་བྱུང་རྗེས་མུ་མཐུད་སྨན་མི་ཟ་བ་དང་སྨན་བཅོས་བསྐྱར་མ་བྱེད་ཀྱི་མེད། དངོས་གྲུབ་ཀྱི་སྨན་ཁུག་ནང་ཟིན་བྲིས་དེབ་ཅིག་ཡོད་པ་དེའི་ནང་ནད་པ་ཚང་མའི་ནད་གཞིའི་གནས་ཚུལ་དང་། སྨན་གཏོང་ཚད། སྨན་བཅོས་བསྐྱར་མ་བྱེད་ཐེངས་བཅས་བྲིས་ཡོད་པ་དང་། རྟག་ཏུ་ནད་པའི་སྨན་བཅོས་བསྐྱར་མ་བྱེད་མཚམས་སུ་སླེབས་སྐབས་དངོས་གྲུབ་ཀྱིས་སྔོན་ནས་བརྡ་ཐོ་གཏོང་བ་མ་ཟད་སྒོ་རྩར་སྨན་བཅོས་བྱེད་པར་བསྐྱོད་པའི་གྲ་སྒྲིག་བྱེད་ཀྱི་ཡོད།
“ད་ལྟའི་ཆ་རྐྱེན་དངོས་གནས་ཡག་པོ་རེད། སྔོན་ཆད་ནམ་ཕྱེད་ལ་སྒོ་རྡུང་མཁན་ཡོད་ན་མཚན་མོ་དེ་རང་དུ་རྟ་ཞོན་ནས་སྐྱོད་རྒྱུ་ལས་མ་འདས”ཅེས་དངོས་གྲུབ་ཀྱིས་བཤད།
དངོས་གྲུབ་ཀྱིས་ན་ཚ་ལྟ་སྐབས་སྨན་རིན་མཐོ་པོ་རྩ་བ་ནས་ལེན་གྱི་མེད། ན་ནིང་ཟླ་7པ་དང་8པའི་རིང་ཤན་རྩ་རྫོང་གཞུང་སྨད་གྲོང་རྡལ་གྱི་ལོ་60ལྷག་ཙམ་ལ་སླེབས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནད་པ་ཞིག་ཚ་བ་དང་གློ་ཡུན་རིང་པོ་བརྒྱབ་ནའང་། སྨན་པ་སྟེན་པའི་དངུལ་མེད་པས་ནར་འགྱངས་སོང་སྟེ་མཐར་གློ་ཚད་ཕོག་པ་རེད།
ཁ་པར་འབྱོར་རྗེས་དངོས་གྲུབ་ཀྱིས་ལམ་སེང་སྨན་ཁུག་ཁྱེར་ནས་སྨན་བཅོས་བྱེད་པར་བསྐྱོད། ཉིན་འགའ་ཤས་སྨན་ཆུ་བླུག་པ་དང་སྨན་བཟས་པས་ནད་པའི་གཟུགས་པོ་རིམ་བཞིན་དྲག་སྐྱེད་བྱུང་།
ནད་པའི་ནང་མིས་སྨན་རིན་རྩིས་རྒྱག་སྐབས་སྨན་རིན་ཚང་མ་བསྡོམས་ནའང་སྒོར་100ཡང་ཟིན་གྱི་མེད་པས། “སྨན་པ་ཁྱེད་ཀྱི་སྨན་རིན་འདི་འདྲའི་དམའ་བ་ལ་ཨང”ཞེས་ཤོད་སྐབས། དངོས་གྲུབ་ཀྱིས་འཛུམ་དམུལ་དམུལ་ངང་སྐབས་རེ་མང་ཚོགས་དབུལ་པོའི་སྨན་རིན་ལེན་གྱི་མེད། ད་དུང་ཁོ་ཚོར་རོགས་རམ་གང་ཐུབ་བྱེད་ཀྱི་ཡོད་ཅེས་བཤད།
ད་ཆ་དངོས་གྲུབ་ལོ་བདུན་ཅུ་ཙམ་ལ་སླེབས་པས་གཟུགས་པོ་དེ་སྔ་བཞིན་ཡག་པོ་མེད་ནའང་ད་དུང་ཁོང་གིས་ནུས་པས་ལྕོགས་ཚོད་ཀྱིས་ནད་པའི་དགོས་མཁོ་སྐོང་གང་ཐུབ་བྱེད་ཀྱི་ཡོད། ནང་མིས་ཁོང་ལ“ཁྱེད་རང་ལོ་ན་མཐོ་བས་གཟུགས་པོར་དོ་སྣང་མང་ཙམ་བྱེད་དགོས”ཞེས་མངགས་བྱ་བྱས་ནའང་། དངོས་གྲུབ་ཀྱིས“ནད་བཅོས་སྲོག་སྐྱོབ་ནི་ངའི་ཚེ་གང་གི་བྱ་གཞག་ཡིན”ཞེས་བརྗོད་ཀྱི་ཡོད།
(བསོད་ནམས་ཆོས་སྐྱིད་དང་བདེ་ཆེན་སྒྲོལ་དཀར་གྱིས་བསྒྱུར)