《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月24日

བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རླངས་འཁོར་ལ་བཞུགས་ཏེ་གཞིས་རྩེར་ཕེབས་ནས་བོད་སྐྱོར་ལས་བྱེད་པ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ། ཞིང་འབྲོག་མང་ཚོགས། དགོན་སྡེའི་དགེ་འདུན་པ་བཅས་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

བང་བརྡ་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྨད་ཤང་ཁོངས་གཏོགས་ཀྱི་གྲོང་ཚོ་ཞིག་ཡིན་ཞིང་། འདི་ལོའི་ཟླ་9པར་དུད་ཚང་27གྱི་མང་ཚོགས་120ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པའི་མདོ་ཆེན་མཚོ་ངོགས་ནས་གནས་འདིར་སྤོས་ཏེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་གནས་སྤོས་དུད་ཚང་ཁག་དང་པོ་དེར་གྱུར་ཡོད། བློ་བཟང་རྒྱལ་མཚན་བང་བརྡ་གྲོང་ཚོའི་ཐང་ཆེན་ཆུང་ངུར་ཕེབས་སྐབས་གྲོང་མི་ཚོས་མདུན་དུ་ཡོང་ནས་བློ་བཟང་རྒྱལ་མཚན་ལ་འཚམས་འདྲི་ཞུས་པ་དང་། བློ་བཟང་རྒྱལ་མཚན་གྱིས་བྱམས་བརྩེའི་ངང་ཁོང་ཚོར་མཐའ་སྲུང་མཐའ་བརྟན་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། འབབ་འཕར་ཕྱུག་འགྱུར་བཅས་ཀྱི་གནས་ཚུལ་དང་འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་རེ་འདོད་བཀའ་འདྲི་ཞིབ་ཕྲ་གནང་སྐབས་གྲོང་མི་ཚོས་ཏང་གི་སྲིད་ཇུས་བཟང་པོའི་འོག་ཚང་མའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་ཡི་འདུག་ལ་འཚོ་བའང་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་ཡི་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་ཞུས།

གྲོང་མི་ཚོའི་སྐད་ཆ་དེ་དག་གསན་སྐབས་བློ་བཟང་རྒྱལ་མཚན་གྱིས་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། མཐའ་མཚམས་ས་ཁུལ་ལ་འཕེལ་རྒྱས་དང་འགྱུར་ལྡོག་འདི་འདྲ་བྱུང་བ་དང་། བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་སྐྱེལ་རྒྱུ་བྱུང་བའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་བཅས་ལས་བྱུང་བ་ཞིག་ཡིན་པ་ཚང་མས་གསལ་པོ་ཤེས་པ་དང་། ཚང་མས་ཏང་གི་བཀའ་དྲིན་ཚོར་བ་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་པ་དང་། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ། མཐའ་མཚམས་ས་ཁུལ་གྱི་རྩྭ་དང་རྩི་ཤིང་སྲུང་སྐྱོང་ཡག་པོ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་འགན་ལེན་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

གྲོ་མོ་རྫོང་དང་། ཁང་དམར་རྫོང་། རྣམ་གླིང་རྫོང་། དགའ་ལྡན་ཆོས་འཁོར་དགོན་པ་བཅས་སུ་གཞིས་རྩེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་བཞུགས་མོལ་གནང་སྐབས། བློ་བཟང་རྒྱལ་མཚན་གྱིས་རང་ཉིད་ཀྱི་ཉམས་མྱོང་དང་སློབ་སྦྱོང་གི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། འཐབ་ཇུས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་ཕུགས་ཀྱི་འཕེལ་རྒྱས་འཆར་འགོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་དགོས་ལུགས་སོགས་ཐད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྒྱས་བཤད་གཏིང་ཟབ་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་དུས་རབས་གསར་པའི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་། འདུ་ཤེས་གསར་པ། རྣམ་པ་གསར་པ་བཅས་ལ་ངོས་འཛིན་གང་ལེགས་དང་ཁོང་དུ་ཡང་དག་ཆུད་པ་དང་། བོད་ཀྱི་ལས་དོན་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློའི་ཚན་རིག་དང་མཐུན་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ། དུས་རབས་གསར་པའི་བོད་ཀྱི་འཐབ་ཇུས་ངེས་གནས་དང་བོད་ཀྱི་ལས་དོན་གྱི་དུས་མཚམས་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པ་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་བསྐྲུན་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་ཞིབ་ཕྲ་ཡོང་བར་ཤུགས་སྣོན་རྒྱག་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བདེ་སྐྱིད་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)