《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月23日

སྤྱིར་བཏང་གི་ལས་གནས་ནས་ཏང་རྟགས་ཀྱི་གཟི་འོད་ཆེམ་ཆེམ་འཕྲོ།

—— ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཤིན་ཚང་གྲོང་ཚོར་བཅའ་སྡོད་བོད་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གི་ལས་དོན་རུ་ཁག་གི་རུ་དཔོན་ངག་དབང་སྒྲོལ་དཀར་གྱི་སྐོར་བཀོད་པ།

2011ལོའི་ཟླ་10པར་ལྗོངས་ཡོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་བའི་མཚམས་སུ། མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ནས་ལོ་བཞིའི་དབུལ་སྐྱོར་ལས་དོན་མཇུག་འགྲིལ་ནས་ལོག་ཡོང་བའི་ལྗོངས་རྩིས་བཤེར་ཐིང་གི་ལས་བྱེད་པ་གུང་ཁྲན་ཏང་ཡོན་ངག་དབང་སྒྲོལ་དཀར་གྱིས་རང་འགུལ་ངང་གྲོང་ཚོར་བཅའ་སྡོད་ལས་དོན་ནང་ཞུགས་རྒྱུའི་རེ་ཞུ་བྱས་པ་རེད། རྩིས་བཤེར་ཐིང་ཏང་ཙུའུ་ཡིས་ཞིབ་འཇུག་བྱས་པ་བརྒྱུད། ངག་དབང་སྒྲོལ་དཀར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཤིན་ཚང་གྲོང་ཚོར་བཅའ་སྡོད་རྩིས་བཤེར་ཐིང་གི་ལས་དོན་རུ་ཁག་གི་རུ་དཔོན་ལ་བཀོད་པ་རེད།

ཤིན་ཚང་གྲོང་ཚོར་ཁྱད་ལྡན་དཔལ་འབྱོར་གྱི་འདེགས་སྐྱོར་མེད་པའི་ཁར་ཞིང་འབྲོག་ལས་སྤྱིར་ན་གནམ་ཆུར་བརྟེན་དགོས་སྟབས་མང་ཚོགས་ལ་འབབ་འཕར་ཡོང་དཀའ་བས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་དཀའ་གནད་ཆེ་ལ་ལས་འགན་ཡང་ཧ་ཅང་ལྕི་པོ་ཡོད། ངག་དབང་སྒྲོལ་དཀར་གྲོང་ཚོར་བཅའ་སྡོད་བྱས་ཚུན། ཁོང་གིས་ཟིན་བྲིས་དེབ་དང་། སྨྱུ་གུ། ཁྲག་ཤེད་གཅོག་པའི་སྨན་བཅས་བླུགས་པའི་ལྟོ་ཕད་ཅིག་ཁུར་ནས་ཁྱིམ་ཚང་མི་རེ་ངོ་རེར་དམངས་ཀྱི་སྙིང་གཏམ་ཉན་པ་དང་། དམངས་ཀྱི་གནས་ཚུལ་རྟོག་ཞིབ། ལས་དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་པར་སྐྱོད་ཀྱི་ཡོད།

ངག་དབང་སྒྲོལ་དཀར་གྱིས་བརྟག་ཞིབ་བྱེད་རིང་། བཅའ་སྡོད་བྱ་ཡུལ་འཕེལ་རྒྱས་ཀྱི་འཇུར་མིག་ལས་སྒྲོལ་བར་ངེས་པར་དུ་སྔོན་ལ་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་དགོས་པ་ཤེས་རྟོགས་བྱུང་ཡོད། དེར་བརྟེན་ཁོང་གིས་རིམ་ཁག་འགྲིམ་འགྲུལ་སྡེ་ཚན་དང་མཐུན་སྦྱོར་ཐེངས་མང་བྱས་པ་མ་ཟད། ས་ཞིང་བསྡུ་ལེན་དང་། བཤིག་སྤོ། ཨར་ལས་ཀྱི་སྟབས་བདེའི་བགྲོད་ལམ་བཤངས་པ་སོགས་ཀྱི་དུས་འགོའི་ལས་དོན་ཧུར་ཐག་བསྒྲུབས་ཤིང་། མ་དངུལ་སྒོར་ཁྲི་586བཏང་བའི་སྟག་རྩེ་ཆུས་ནས་ཤིན་ཚང་གྲོང་ཚོའི་བར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དང་མ་དངུལ་སྒོར་ཁྲི་190བཏང་བའི་ཤིན་ཚང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་ནས་གྲོང་མིའི་ཚོགས་ཆུང་ཁག་གཅིག་བར་གྱི་བྱེ་རྡོའི་ལམ་འཛུགས་སྐྲུན་རྣམ་གྲངས་སྔ་རྗེས་སུ་ལས་འགོ་ཚུགས་པ་རེད། དེ་རྗེས་ངག་དབང་སྒྲོལ་དཀར་གྱིས་མུ་མཐུད་ཕྱོགས་མང་པོར་འབོད་སྐུལ་བྱས་ཏེ་བཅའ་སྡོད་གྲོང་ཚོར་མ་དངུལ་སྒོར་ཁྲི་83བཏང་བའི་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་གི་རྣམ་གྲངས་དང་། རིན་ཐང་སྒོར་ཁྲི་1.3ལྷག་ཙམ་ཟིན་པའི་གཞུང་ལས་སྒྲིག་ཆས། དགུན་སྒྲོལ་གཟན་ཆག་ཏུན་10 རིན་ཐང་སྒོར་ཁྲི་7.8རི་བའི་ཟོག་འདྲེན་རླངས་འཁོར་ཆུང་གྲས་1སོགས་བརྩོན་ལེན་བྱས་པ་དང་ཆབས་ཅིག གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པ་5ཡུན་ནན་དང་སི་ཁྲོན་སོགས་སུ་སྔོན་ཐོན་ཞིང་ལས་ལག་རྩལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་ཁྲིད་པ་རེད།

ཤིན་ཚང་གྲོང་ཚོར་བཅའ་སྡོད་ལས་དོན་མ་སྤེལ་གོང་། ངག་དབང་སྒྲོལ་དཀར་དེ་སྔོན་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གི་དབུལ་སྐྱོར་ས་ཚིགས་སུ་ལོ་4བསྡད་ནས་དབུལ་སྐྱོར་ལས་དོན་སྤེལ་མྱོང་ཡོད། དེའི་རིང་ཁོང་གིས་རང་ཉིད་ཀྱི་བློ་གྲོས་དང་སེམས་ཤུགས་ཚང་མ་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ཁྲོད་བཏོན་ནས་རྩ་ཞོལ་ཤང་ལ་ལོ་5ཡི་དབུལ་སྐྱོར་ལས་དོན་གྱི་བསམ་ཕྱོགས་དང་འཆར་འགོད་བཟོ་རོགས་བྱས་པ་མ་ཟད། རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་2500ཙམ་བརྩོན་ལེན་ཧུར་ཐག་བྱས་ནས་རྩ་ཞོལ་ཤང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལོ་མང་པོའི་རིང་གཞི་རིམ་དུ་ཚད་ལས་བརྒལ་བའི་ལས་ཀ་བྱས་པའི་དབང་གིས། ངག་དབང་སྒྲོལ་དཀར་གྱི་གཟུགས་པོར་ཁྲག་ཤེད་མཐོ་བའི་ནད་སོགས་ཕོག་ནས་ལོ་འཁོར་མོར་སྨན་གཏོང་དགོས་ཀྱི་ཡོད། འོན་ཀྱང་གྲོང་ཚོར་བཅའ་སྡོད་ལས་དོན་ཁྲོད་ངག་དབང་སྒྲོལ་དཀར་གྱིས་རུ་མི་ཚོར་ལྟ་རྟོག་ཡག་པོ་བྱེད་ཀྱི་ཡོད། རེས་སྐོར་ངལ་གསོ་རྒྱག་རིམ་བཞིན་ཁོང་གིས་རྟག་ཏུ་རང་མོས་ངང་གཞིས་བསྲུངས་ཏེ། ནང་མི་དང་མཉམ་འཛོམས་ཀྱི་རེས་སྐོར་ངལ་གསོའི་གོ་སྐབས་ཚང་མ་རུ་མི་གཞན་དག་ལ་སྤྲོད་ཀྱི་ཡོད།

2012ལོའི་ཟླ་6ཚེས་20ཉིན། ངག་དབང་སྒྲོལ་དཀར་རྒྱུན་གཏན་བཞིན་ཞོགས་པ་སྔ་པོ་ནས་ལངས་ཏེ་ཉིན་གཅིག་གི་ལས་དོན་སྤེལ་འགོ་ཚུགས། འོན་ཀྱང་གློ་བུར་དུ་མགོ་ན་ནས་ལངས་མི་ཐུབ་པར་གྱུར། ཚང་མས་ཁོང་ལ་ལྷ་སར་བརྟག་དཔྱད་བྱེད་པར་བསྐྱོད་རྒྱུའི་ཁ་ཏ་བྱས་ཀྱང་ཁོང་གིས་ཞི་འཇམ་པོའི་ངང“འདི་ནད་རྙིང་པ་རེད། སྣང་དག་མི་འདུག སྨན་བཟས་ན་སྐྱོན་མེད”ཅེས་ལན་བཏབ། ཕྱི་དྲོ་ངག་དབང་སྒྲོལ་དཀར་སྟག་རྩེ་ཆུས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་གྲོང་སྡོད་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུར་ཞུགས་པ་རེད། ཁོང་གིས་སྤེལ་རེས་གཏམ་བཤད་གནང་སྐབས“ང་ལ་ལོ་4ཡི་དབུལ་སྐྱོར་ལས་ཀའི་ཉམས་མྱོང་ཡོད་ལ་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ཡང་ཕུན་སུམ་ཚོགས་པོ་ཡོད། ངས་ཞིང་འབྲོག་མང་ཚོགས་ཀྱི་བསམ་ཚུལ་དང་རེ་སྒུག་ཤེས་ཀྱི་ཡོད་པས། མི་སེར་དང་གྲོས་མོལ་དང་མཐུན་སྦྱོར་དེ་བས་བྱེད་བདེ་པོ་ཡོད”ཅེས་བཤད། གཏམ་བཤད་བྱེད་སྐབས་ཁོང་གི་མགོ་བོར་ན་ཟུག་བརྒྱབ་ནས་མིག་ཤེད་རབ་རིབ་ཏུ་གྱུར་ཀྱང་གཏམ་བཤད་ཡི་གེ་ཀློག་ཚར་ཚར་བར་སྡུག་རུས་བྱས། དེ་རྗེས་ཁོང་གཅིག་པུ་ཚོགས་ར་ནས་ཐོན་ཏེ་བར་ཁྱམས་སུ་ལག་པ་གཉིས་མགོ་བོར་འཇུས་ནས་ཙོག་པུར་བསྡད་ཅིང་། སྐབས་དེ་དུས་རྐང་ལག་ཚང་མ་སྦྲིད་ཡོད། དེ་རྗེས་ངག་དབང་སྒྲོལ་དཀར་སྟག་རྩེ་ཆུས་མི་དམངས་སྨན་ཁང་དུ་བསྐྱལ། སྨན་བཅོས་བྱས་པ་བརྒྱུད་དྲག་སྐྱེད་མ་བྱུང་བར་རང་སྐྱོང་ལྗོངས་120མྱུར་སྐྱོབ་ལྟེ་གནས་སུ་བསྐྱལ། སྨན་ཁང་གིས་ཀླད་ཁྲག་འདྲེས་པ་གཏན་འཁེལ་བྱས་རྗེས་འཕྲལ་མར་ནད་ཚབས་ཆེ་བའི་བརྡ་ཐོ་བཏང་། ཟླ་6ཚེས་25ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་སྐར་མ་6གི་ཐོག་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ངག་དབང་སྒྲོལ་དཀར་སྟབས་མི་ལེགས་པར་ཚེ་ལས་འདས་པ་རེད།

ངག་དབང་སྒྲོལ་དཀར་ཚེ་ལས་འདས་པའི་གནས་ཚུལ་གང་སར་ཁྱབ་པས་ཤིན་ཚང་གྲོང་ཚོའི་གྲོང་མི་དང་ཁོང་གི་ངོ་ཤེས་ཚང་མ་མྱ་ངན་གྱི་གནས་སུ་ལྷུངས། ཁོང་ཚོས་གཤིས་རྒྱུད་བཟང་ཞིང་། ཞབས་གཞས་ལ་དགའ་བ། གོམ་པ་རྒྱག་དུས་སེམས་ཤུགས་རབ་ཏུ་འཕེལ་བ། ད་དུང་བརྟག་ཞིབ་བྱེད་པ་དང་། རྣམ་གྲངས་གཉེར་བ། མ་དངུལ་བརྩོན་ལེན་བྱེད་པ། བྱ་བ་སྒྲུབ་སྐབས་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ། གཤིས་ཀ་འཇམ་ལ་ཁོག་པ་ཆེ་བ། བྱམས་བརྩེ་ཆེ་བ། གཞན་དོན་མ་གཏོགས་བསམ་རྒྱུ་མེད་པའི་ངག་དབང་སྒྲོལ་དཀར་ད་ལྟ་མི་ཡུལ་དང་བྲལ་བར་ཡིད་ཆེས་ཀྱི་མེད་པ་རེད།

ངག་དབང་སྒྲོལ་དཀར་གྱི་མི་ཚེ་ལོ་55ལ་མཚམས་ཆད། འོན་ཀྱང་ཁོང་ང་ཚོ་དང་ཁ་བྲལ་མེད་པར་སྐལ་བཟང་མེ་ཏོག་ཅིག་ལྟར་ས་རྒྱུ་ཞན་སར་རྩ་བ་བརྟན་པོ་ཚུགས་ནས་གངས་ལྗོངས་ས་མཐོར་ནམ་ཡང་རྣམ་པར་བཞད་བཞིན་ཡོད།