《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月23日

རུ་ཐོག་རྫོང་རེ་ཅོ་གྲོང་ཚོའི་མང་ཚོགས་རྣམས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པར་སྤོས་པ།

འདི་ག་ཚགས་པར་ཁང་དུ་རུ་ཐོག་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རུ་ཐོག་རྫོང་རེ་ཅོ་གྲོང་ཚོའི་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་པ་དང་། འབྱུང་འགྱུར་གྱི་མཛེས་སྡུག་ལྡན་པའི་འཚོ་བར་རེ་བ་བཅངས་ཏེ། ཡུན་རིང་རེ་སྒུག་བྱས་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་གསར་པར་སྤོས་པ་རེད།

ལོ་62ལ་སླེབས་པའི་ཚེ་རིང་སྲི་ཆོད་ཀྱིས་དགའ་སྤྲོ་ཆེན་པོས་སྡོད་ཁང་གསར་པའི་ཕྱོགས་སུ་བསྐྱོད་དེ། ཡུན་རིང་རེ་སྒུག་བྱས་པའི་ཁང་པ་གསར་པའི་སྒོ་ཕྱེ་བ་དང་། འཕྲལ་མ་ཉིད་དུ་ཁང་པའི་དབུས་སུ་གཙོ་འཛིན་གྱི་སྐུ་པར་བཀལ་བ་མ་ཟད། ད་དུང་ཁང་པའི་ཐོག་ཁར་རྒྱལ་དར་བཙུགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་བློ་ལ་བརྟན་པོར་འཆང་ལུགས་མཚོན་པར་བྱས་ཤིང་། ཁོང་གིས“དེ་སྔོན་ས་ཕག་ཁང་པའི་ནང་སྡོད་ཀྱི་ཡོད། ཁང་པ་ཡག་པོ་འདི་འདྲའི་ནང་སྡོད་རྒྱུ་ཡོང་བསམ་པ་རྨི་ལམ་ལའང་འཁོར་མ་མྱོང་། ཏང་གིས་མཐའ་མཚམས་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ཧུར་བརྩོན་ཆེན་པོས‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན’ཞིག་བྱེད་རྒྱུ་ཡིན”ཞེས་བརྗོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་ཁྱོན་དུད་ཚང་104སྤོས་པ་དང་། མིག་སྔར། གྲོང་ཚོ་ཡོངས་ལ་སྤྱི་པའི་གསང་སྤྱོད་དང་། ལམ་སྒྲོན། མེ་ཏོག་ལྡུམ་ར། ཐང་ཆེན། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ས་ཚིགས། གད་གཞོང་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་རེད།