《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月23日

ཏིང་ཡེ་ཤན་གྱིས་དགོན་སྡེ་ཁག་ཏུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་20ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་སྔ་རྗེས་སུ་དགའ་ལྡན་དགོན་དང་། འབྲས་སྤུངས་དགོན། སེ་ར་དགོན་བཅས་སུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་པད་མ་དབང་འདུས་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལི་ཝུན་ཧན་དང་། བློ་བཟང་འགྱུར་མེད། བསོད་ནམས་རིག་འཛིན་བཅས་བྱེད་སྒོར་ཕེབས་པ་རེད།

སྒྲོག་འགྲེལ་གནང་རིང་ཏིང་ཡེ་ཤན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པར་ཐོབ་པའི་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་རྒྱུ། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་ཀྱི་འཐབ་ཇུས་བསམ་གཞིགས་ལ་གོ་བ་གཏིང་ཟབ་ལེན་རྒྱུ། 2035ལོའི་ཕུགས་ཀྱི་དམིགས་ཚད་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རང་རྒྱལ་འཕེལ་རྒྱས་ཀྱི་མཛུབ་ཁྲིད་མཛད་ཕྱོགས་དང་། དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་རྒྱུ། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་དགོངས་པ་གལ་ཆེན་དང་། ཆོད་སྡོམ་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་རབ་དང་རིམ་པ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་རྒྱུ། བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་ཏང་གི་ཕྱོགས་དྲུག་ཐད་ཀྱི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་བྱེད་རྒྱུ་བཅས་ལ་གཙོ་བོར་དམིགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་གསལ་འགྲེལ་གནང་བ་རེད།

ཏིང་ཡེ་ཤན་གྱིས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་དམིགས་ཡུལ་ཡིན་ལ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡང་ཡིན། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་རྒྱ་ཆེའི་གྲྭ་བཙུན་ཚོས་རང་རྟོགས་ངང“ཚད་གཞི་བཞིར”བརྩི་སྲུང་ཞུས་ནས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོར་འཛུགས་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་ཟབ་གཏོང་བཅས་བྱེད་དགོས། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་འདུལ་ཁྲིམས་དང་བསྟན་དོན་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་མཐུན་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་འཆད་འགྲེལ་བྱས་ནས། དད་ལྡན་མང་ཚོགས་ལ་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསྟུན་པ་དང་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱས་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་བློ་གྲོས་དང་ལས་བརྩོན་ལ་བརྟེན་ནས་རིན་ཐང་གཏོད་དགོས་པའི་ནན་བཤད་གནང་བ་རེད།

གྲྭ་བཙུན་ཚོས། ངེས་པར་དུ་ཁྲིམས་ལུགས་ཁྲིམས་སྲོལ་དང་འདུལ་ཁྲིམས་སྡོམ་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ནས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ”ཡིན་པའི་གནས་ལུགས་བློ་ལ་བརྟན་པོར་ངེས་ཏེ་ཁ་ཕྲལ་རིང་ལུགས་ཀྱི་ཕྱོགས་གཏོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་མིག་སྔའི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་དུས་བབ་བཟང་པོ་སྲུང་སྐྱོང་ཡག་པོ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།