《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月23日

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་མཇལ་འཕྲད་གནང་བ།

ཏིང་ཡེ་ཤན་དང་ཡན་ཅིན་ཧའེ་མཇལ་འཕྲད་ལ་ཞུགས་པ།

ཟླ་11ཚེས་20ཉིན་གྱི་སྔ་དྲོར་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་རེད། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་11ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཚེས་20ཉིན་གྱི་སྔ་དྲོར་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་རྟེན་འབྲེལ་ཞུས་པ་རེད། ཁོང་ཚོས་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་གཅེས་སྤྲས་དང་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་མུ་མཐུད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་བཅས་མཇལ་འཕྲད་ལ་ཞུགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་ཀྱང་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཝུའུ་དབྱིང་ཅེས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་། སྔོན་ཐོན་མཉམ་སྡེབ། སྔོན་ཐོན་མི་སྒེར་བཅས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོས་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་ཐུགས་ཁུར། འཚོ་བའི་ཐད་ལྟ་སྐྱོང་། བློ་སྟོབས་ཐད་ལས་བྱེད་པ་རྒན་གྲས་ལ་ཐུགས་ཁུར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས། བློ་མཐུན་རྒན་གྲས་རྣམ་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དཔང་པོ་དང་། ཞུགས་མཁན། གསར་གཏོད་པ་བཅས་ཡིན་ཞིང་། ཁྱེད་ཚོས་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། ངོ་ལོག་ཟིང་འཁྲུག་ཞོད་འཇགས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ཁག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ལྷག་པར་དུ་འདི་ལོའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཏང་རྩ་འཛུགས་དང་རྒྱ་ཆེའི་བློ་མཐུན་རྒན་གྲས་ཀྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབོད་སྐུལ་མགྱོགས་མྱུར་དང་ལེན་ཞུས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པ་དང་། མཉམ་འགོག་མཉམ་བཅོས་ནང་ཧུར་ཐག་ཞུགས་པ། གཅེས་སེམས་ལེགས་སྐྱེས་ཧུར་ཐག་ཕུལ་བ་བཅས་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་རིམས་འགོག་གི་དྲང་ནུས་ཆེན་པོ་ཞིག་ཆགས་པར་བྱས་ཡོད། འདི་ལོའི་ཟླ་བརྒྱད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་དངོས་སུ་བཀོད་སྒྲིག་གནང་སྟེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ནས“ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ནས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་དུས་ཡུན་རིང་པོར་བྱེད་དགོས་བསམས་ཀྱང་བྱེད་མི་ཐུབ་པའི་བྱ་བ་ཆེན་པོ་མང་པོ་སྒྲུབ་ཐུབ་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་བྱུང་བ་མ་ཟད། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད”ཅེས་ནན་བཤད་གནང་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་བསྔགས་བརྗོད་གནང་བ་ཞིག་རེད། གྲུབ་འབྲས་དེ་དག་ནང་རྒྱ་ཆེའི་བློ་མཐུན་རྒན་གྲས་ཀྱི་སེམས་ནུས་དང་རྔུལ་ཆུ་འདུས་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། ཀྲུང་གོའི་འབྱུང་འགྱུར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ལ་འཐབ་ཇུས་བཀོད་སྒྲིག་གནང་བ་རེད། རྒྱ་ཆེའི་ལས་བྱེད་པ་རྒན་གྲས་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཉམས་མྱོང་གི་ལེགས་ཆ་དང་སྙན་གྲགས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་ཡག་པོ་བྱེད་པ་དང་བོད་ཀྱི་ལས་དོན་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་སྟེ། གཅིག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད་ནུས་པ་འདོན་པ་དང་རང་ཉིད་ཀྱི་ཉམས་མྱོང་དངོས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཐུན་མོང་ཐོག་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བཅས་བྱེད་དགོས། གཉིས་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་དྲིལ་བསྒྲགས་བྱེད་པའི་ཐད་ནུས་པ་བཏོན་ཏེ། མང་ཚོགས་ཚོར་ངོས་འཛིན་གཏིང་ཟབ་དང་ཐུན་མོང་གི་ངོས་འཛིན་ཆགས་པར་ཁྲིད་སྟོན་བྱེད་དགོས། གསུམ་ནས་དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཕན་མེད་ཤུགས་རྐྱེན་སེལ་བའི་ཐད་ནུས་པ་འདོན་སྤེལ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་དོད་པའི་བསླབ་གཞི་ཡག་པོ་སྤྱོད་དགོས་པ་དང་། མང་ཚོགས་ལ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། བཞི་ནས་མི་རབས་རྗེས་མར་སློབ་གསོ་ཡག་པོ་གཏོང་བའི་ཐད་ནུས་པ་འདོན་སྤེལ་བྱས་ནས་མི་རབས་རྗེས་མར་སེམས་ཁུར་བྱ་རྒྱུ་དེ་དོར་ཐབས་མེད་པ་དང་གཞན་ལ་དཀྲི་ཐབས་བྲལ་བའི་འགན་འཁྲི་ཞིག་ཏུ་བརྩིས་ཏེ། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་གཏིང་ཟབ་གཏོང་བ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར་རོགས་རམ་བྱེད་པ། བཟང་པོ་ལྔ་ལྡན་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་དང་མི་དམངས་བདེ་སྐྱིད་འཆམ་མཐུན་ཡོང་བར་ལེགས་སྐྱེས་འབུལ་དགོས།

(རིག་འཛིན་རྡོ་རྗེ་དང་དབང་སྒྲོལ་སྐྱིད་ཀྱིས་སྒྱུར་ཞུས་བྱས)