《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年11月19日

སུར་པན་བྲིན་ཁ་རྒྱུག མང་ཚོགས་ཕྱུག་པོ་ཆགས།

ས་གནས་དེ་གའི་མཚོན་བྱེད་རང་བཞིན་གྱི་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་དམངས་གཉེར་ཁེ་ལས་ཕུལ་བྱུང་གི་དཔེ་མཚོན་སྟོད་ལུང་བདེ་ཆེན་ཆུས་སྦངས་གྲོང་ཚོའི་ལྷ་ལུང་བོད་ལུགས་སུར་པན་ལས་སྣོན་བཟོ་གྲྭས་སུར་པན་ཉོ་སྒྲུབ་དང་། ལས་སྣོན། ཕྱིར་ཚོང་། དེ་བཞིན་འབྲེལ་ཡོད་ཐོན་རྫས་ཕྱོགས་བསྡུས་གསར་སྤེལ་བཅས་ཀྱི་ལས་ཀ་གཙོ་བོ་བྱེད་ཀྱི་ཡོད་པ་དང་། དེའི་ཁྲིམས་མི་ཟླ་བ་ཡང་གྲོང་ཚོ་དེ་གའི་ཞིང་འབྲོག་པའི་ཕུལ་བྱུང་འཐུས་མིར་ཐེངས་མང་བདམས་མྱོང་ཞིང་། ཁོང་གིས་མཉམ་ལས་ཁང་གི་སྣེ་ཁྲིད་དེ་སུར་པན་ལས་སྣོན་འཕེལ་རྒྱས་གཏོང་བ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐོན་ལས་གསར་པ་ཞིག་ཏུ་གྱུར་པ་བྱས་ཡོད།

རིམས་ནད་ཐོན་རིང་མ་གཞི་སུར་པན་ཐོན་སྐྱེད་བྱེད་མཚམས་བཞག་མེད་ནའང་དྲིལ་བསྒྲགས་དང་ཕྱིར་ཚོང་གི་གནད་དོན་ལས་སུར་པན་བྲིན་ཁ་རྒྱུག་པོ་བྱུང་མེད་པ་དང་། སུར་པན་ཕྱིར་ཚོང་ཡག་པོ་མ་ཐུབ་པའི་དོན་དེས་གྲོང་མི་ཚོར་སེམས་ཁྲལ་ཆེན་པོ་བྱུང་། “འགག་རྩའི་སྐབས་སུ་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་རོགས་རམ་བྱས་ཏེ་བཟོ་གྲྭར་བསྐྱོད་ནས་ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་འབྲེལ་ཐོན་སྐྱེད་ལས་རིམ་སྤོར་སྒྱུར་བཀོད་ཀྱི་གྲོས་འགོ་བཏོན་པ་དང་། ང་ཚོར་ཞིང་ཟོག་ཐོན་རྫས་ཉོས་ཏེ་གནས་ཐང་འཕར་ཁྲལ་ཚབ་འཇལ་བྱེད་པ་སོགས་ཀྱི་འབྲེལ་ཡོད་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གསལ་འགྲེལ་བྱས་པས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སུར་པན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་བརྟན་དུ་ཕྱིན་སོང”“ལོ་འདི་དག་རིང་ཁྲལ་དོན་ལས་ཁུངས་ཀྱི་གྲོང་སྡོད་ལས་བྱེད་པས་ཟླ་རེར་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་དང་དཀའ་ངལ་འདྲི་བ་དང་། ལས་སྣོན་བཟོ་གྲྭའི་ཐོན་སྐྱེད་གཉེར་སྐྱོང་དང་དཔལ་འབྱོར་ཡོང་འབབ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གསལ་པོ་བྱེད་ཀྱི་ཡོད་ལ། དུད་ཚང་དབུལ་པོར་རང་གི་ནང་མི་བཞིན་དུ་རོགས་སྐྱོར་བྱེད་ཀྱི་འདུག”ཅེས་སྦངས་གྲོང་ཚོ་ལྷ་ལུང་བོད་ལུགས་སུར་པན་ལས་སྣོན་བཟོ་གྲྭའི་ཁྲིམས་མི་ཟླ་བས་མྱོང་ཚོར་ཟབ་མོས་བརྗོད།

མིག་སྔའི་བར་ཁྲལ་བསྡུ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ཁག་ལས་སྦངས་གྲོང་ཚོའི་ལྷ་ལུང་བོད་ལུགས་སུར་པན་ལས་སྣོན་བཟོ་གྲྭར་རིམ་རྩིས་བྱས་ན་རིགས་ཁག་གི་ཁྲལ་དངུལ་སྒོར་ཁྲི་10ལྷག་ཙམ་ཆག་ཡང་དང་རྩ་ཆག་བཏང་བ་མ་ཟད། སུར་པན་ལས་སྣོན་འཕྲུལ་ཆས་3ཉོས་པས་ཐོན་སྐྱེད་ལས་རིམ་སྒྱུར་བཀོད་རིམ་སྤོར་གྱི་འཆར་གཞི་ལེགས་གྲུབ་བྱུང་ཡོད།

མིག་སྔའི་བར་སྦངས་གྲོང་ཚོའི་ལྷ་ལུང་བོད་ལུགས་སུར་པན་ལས་སྣོན་བཟོ་གྲྭ་འཕེལ་རྒྱས་ཡག་པོ་བྱུང་ནས་གྲོང་ཚོ་ཧྲིལ་པོའི་གཞིས་སྲུང་བུད་མེད་20ལྷག་ཙམ་ལས་ཞུགས་ཐུབ་སྟེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་30ལྷག་ཙམ་གྱི་ཡོང་འབབ་མང་དུ་གཏོང་བར་རམ་འདེགས་བྱས་པ་རེད།

2016ལོར་གྲོང་སྡོད་ལས་དོན་སྤེལ་ཚུན། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ལོ་ལྟར་ཀྲི་པུའུ་ཚན་པར་བྱས་ཏེ་སྦངས་གྲོང་ཚོའི་མང་ཚོགས་དབུལ་པོར་ཆ་སྒྲིག་རོགས་སྐྱོར་དང་། ཏང་ཡོན་ལས་བྱེད་པ་302ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་108ལ་ཆ་སྒྲིག་རོགས་སྐྱོར། སྒོར་ཁྲི་36རི་བའི་དངོས་ཟོག་རོགས་སྐྱོར་བཅས་བྱས་ཏེ་ཁོ་ཚོས་ཏང་གི་བྱམས་སྐྱོང་དང་ཐུགས་ཁུར་ཚོར་བར་བྱས་ཡོད།

“ངས་སྦངས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོའི་འགན་ཁུར་ནས་ལོ་བཞི་ལྷག་ཙམ་ཕྱིན་སོང། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཞི་པའི་རུ་མི་དང་མཉམ་དུ་གཤིབས་ནས་ལོ་བཞི་འདས་པས་སྦངས་གྲོང་ཚོར་སྐྱེ་སྟོབས་གསར་པ་རྒྱས་པ་མིག་མཐོང་ལག་ཟིན་བྱུང་། གྲོང་ཚོ“ཨུ་ལྷན”གཉིས་ཀྱི་མཐུན་སྦྱོར་འོག་གྲོང་སྡོད་ལས་དོན་རུ་ཁག་གིས‘གཟེར་འདེབས་ཀྱི་སྙིང་སྟོབས’དར་སྤེལ་ཧུར་ཐག་གཏོང་བ་དང་། ‘ཕར་ཆིན་རྒྱག་པའི’སྙིང་རུས་རྒྱུན་འཁྱོངས་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་དང་། གཉེན་འཚོལ་རོགས་སྐྱོར། མཚན་སློབ་འཚོགས་ནས་སྤྱི་སྐད་སྦྱོང་བ། ཐོན་ལས་དབུལ་སྐྱོར་བཅས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད”ཅེས་སྦངས་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དང་པོ་བསོད་ནམས་བཀྲ་ཤིས་ཀྱིས་བརྗོད།